ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས། མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར།
རིག་སྟོབས་བོད་སྐྱོར་བྱས་ནས་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་རྨང་གཞི་བརྟན་དུ་བཏང་བ།
རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཤེས་ལྡན་པར་བརྟེན་དགོས་པ་དང་མི་རིགས་དར་རྒྱས་ཡོང་བར་ཤེས་ལྡན་པར་བརྟེན་དགོས། དུས་ཡུན་རིང་པོའི་ནང་། རང་ལྗོངས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་བོད་སྐྱོར་ལམ་སྲོལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་རིག་སྟོབས་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་པ་གསོ་སྦྱོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བཅས་བྱས་ཏེ་ཤེས་ལྡན་པའི་ཕྱོགས་བསྡུས་བྱང་ཚད་དང་འཇོན་ཐང་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འགན་ལེན་བརྟན་པོ་བྱས་ཡོད།
ཡུལ་ལྗོངས་མཛེས་ལ་སྔོ་ཐིང་ངེར་གནས་པའི་མཚོ་སྨད་རྫོང་དུ་འདི་ལོའི་ཟླ་4པའི་ཟླ་མཇུག་ཏུ་ཨན་ཧུའེ་ཆིང་ཧོ་ཆིང(མཚོ་སྨད)ཁྲིམས་རྩོད་པའི་ལས་དོན་ཁང་གི་སྒོ་བྱང་དངོས་སུ་བཀལ་བ་དེ་ལས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་ཁོངས་སུ་ཁྲིམས་རྩོད་པའི་ལས་དོན་ཁང་ཡོངས་ཁྱབ་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཚོ་སྨད་རྫོང་གི་མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པར་དམིགས་ནས་ཁྲིམས་རྩོད་པ་བོད་དུ་བསྟུད་མར་མངགས་ཏེ་རོགས་སྐྱོར་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི་ཆ་རྐྱེན་འཛོམས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་གིས་མཚོ་སྨད་རྫོང་དུ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཡན་ལག་ཁང་འཛུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མཐར་ཨན་ཧུའེ་ཆིང་ཧོ་ཆིང(མཚོ་སྨད)ཁྲིམས་རྩོད་པའི་ལས་དོན་ཁང་འཛུགས་རྒྱུར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཆོག་མཆན་བདེ་བླག་ངང་ཐོབ་ནས་སྤུས་ལེགས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་མཚོ་སྨད་དུ་དྲངས་ཏེ། ས་གནས་དེ་གར་རང་ཉིད་ཀྱི་ཁྲིམས་རྩོད་པའི་དཔུང་ཁག་ཅིག་རིམ་བཞིན་གསོ་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད།
2023ལོའི་ཟླ་6པར། ཧུའུ་ནན་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་དུས་ཐུང་བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་ཁ་སྦུག་ཚན་ཁག་གི་ཤེ་ཀྲེ་མེན་གྲ་ནང་རྫོང་དུ་ཡོང་བ་རེད།
ཤེ་ཀྲེ་མེན་གྱིས་གྲ་ནང་རྫོང་ལྟེ་བའི་སྨན་ཁང་ཁ་སྦུག་ཚན་ཁག་གི་འཕེལ་རྒྱས་ཀྱི་གནས་བབ་གསེད་བཀྲོལ་ཞིབ་ཕྲ་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཤེས་རྟོགས་གང་ལེགས་བྱས་རྗེས་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་ལས་དོན་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། ཁོང་གིས་འཆར་གཞི་ཞིབ་ཕྲ་བཟོས་ཡོད། སྨན་བཅོས་ཡོ་བྱད་ཞིབ་བཤེར་དང་རྒྱུ་ཆ་ཉོ་སྒྲུབ་བྱེད་པ་ནས་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་སློབ་ཁྲིད་བྱེད་པ། དངོས་སྦྱོང་སློབ་ཁྲིད་བྱེད་པ་བཅས་བར་ཤེ་ཀྲེ་མེན་གྱིས་གྲ་ནང་རྫོང་ལྟེ་བའི་སྨན་ཁང་གི་ཁ་སྦུག་ཚན་ཁག་རང་ཉིད་ཀྱི་ཁྱིམ་ལྟར་བརྩིས་ནས་དགེ་ཕྲུག་དོན་གྲུབ་སྒྲོལ་མ་ཁྲིད་དེ་སྨན་བཅོས་ལས་ལ་གཞོལ་ཡོད།
2013ལོ་ཚུན། ཅང་སུའུ་ཞིང་ཆེན་གྱིས་ཤེས་ལྡན་པ་དང་རིག་སྟོབས་རོགས་སྐྱོར་རྣམ་གྲངས་204ལག་ལེན་བསྟར་བ་དང་། ནང་སའི་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་བོད་དུ་སློབ་ཁྲིད་ཐེངས་37བྱས་ནས་ཤེས་ལྡན་པ་སྣ་ཚོགས་ཁྲི་1.1ལྷག་ཙམ་གསོ་སྐྱོང་གིས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་དང་ཤེས་ལྡན་པའི་འགན་ལེན་བརྟན་པོ་བྱས་ཡོད།
ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་ཡིས་ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཅང་སུའུ་ཞིང་ཆེན་དུ་ལས་ཞུགས་བྱེད་པའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་ཆེད་དོན་གདན་ཞུ་ཐེངས་དང་པོ་གཉེར་བ་དང་། འདི་ལོའི་ཟླ་བ་3པ་བར་བསྟུད་མར་ཐེངས་གསུམ་གཉེར་ནས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་བྱ་གཞག་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་228མཁོ་འདོན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་218བསྡུས་ཡོད་པ་རེད།
ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་ཡིས་གྲུབ་འབྲས་ཀྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་། “ཕྱིར་བསྐྱོད་པ་དང་ནང་དུ་གདན་དྲངས་པ”དང“རིགས་པའི་གཞུང་ལུགས་དང་ལག་ལེན”ཟུང་དུ་འབྲེལ་བའི་གསོ་སྦྱོང་བྱེད་སྟངས་སྤྱད་དེ་ཚན་རིག་དང་མཐུན་པའི་ངང་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་དང་། གསོ་སྦྱོང་ནང་ཞུགས་མཁན་སློབ་མ་གནད་སྨིན་ངང་འདེམས་གཏོང་། གསོ་སྦྱོང་གི་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཤེས་ལྡན་པ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད། 2023ལོར། ལས་སྒྲུབ་ལས་གཏོད་བྱེད་འདོད་ཡོད་པའི་ཞིང་འབྲོག་པ་བུད་མེད་30ཅང་སུའུ་རུ་བསླས་འཐག་དང་། ཅང་སུའུ་ཡི་ཚེམ་དྲུབ། ཚོས་རྒྱག་རྩལ་སོགས་གསོ་སྦྱོང་བྱེད་པར་མངགས་ནས་ཐོན་རྫས་ཁྱོན་450ལྷག་ཙམ་བཟོས་པས་ས་གནས་དེ་གའི་མང་ཚོགས་ཁག་གཅིག་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ལྷ་ས་དང་ཅང་སུའུ་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་ཡང་སྐུལ་འདེད་བཏང་བ་རེད།
ཧྲང་ཧའེ་ཡི་བོད་སྐྱོར་གྱིས་ཇོ་མོ་གླང་མའི་བྱང་སྒོ་ཆེན་པོར་ཇོ་མོ་གླང་མའི་སྒོ་འཛིན་ཉོ་ས་དང་། ཚོང་ལས་བཟའ་བཏུང་། སྤྲོ་གསེང་ཉོ་སྒྲུབ། གསོ་རླུང་མཁོ་འདོན། རི་འཛེག་སྦྱོང་བརྡར་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་གསར་སྐྲུན་བྱས་ཏེ་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་བྱས་པ་དང་ཆབས་ཅིག དིང་རི་རྫོང་གི་ཀ་པ་རིམ་པའི་འོས་ཐོབ་ལྡན་པའི་ཡུལ་སྐོར་ལས་དོན་ཁང་ཐོག་མ་སྟེ། བོད་ལྗོངས་ཕུན་ཚོགས་ཁང་གསར་ཡུལ་སྐོར་ལས་དོན་ཁང་ནང་འདྲེན་བྱས་ནས་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ནུས་པ་ཆེ་རུ་བཏང་བ་དང་། “དིང་རིའི་2023ལོའི་ཇོ་མོ་གླང་མའི་རོལ་དབྱངས་དང་ཞིམ་ཟས་དུས་ཆེན”གཉེར་ཏེ་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་གསོན་ཤུགས་བསྣན་ནས་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད།
ཧྲང་ཧའེ་ཡི་བོད་སྐྱོར་འོག གཞིས་རྩེའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ལས་དོན་ས་ཚིགས་ཐོག་མ་དེ་ས་སྐྱ་རྫོང་དུ་གདན་དྲངས་ནས་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཀྱི“ཁས་ལེན་གཙོ་འགན”རྣམ་གྲངས་ཀྱི་འགན་འཁུར་ཞིང་། བྲག་མཇུག་ཤང་དུ་ས་ཆ་མུའུ་2500སྤྱད་དེ་སྣ་ཁ་མི་འདྲ་བའི་ལི་གྲོ་ཚོད་འདེབས་རྣམ་གྲངས་12ལག་ལེན་བསྟར་བར་མུའུ་རེའི་ཐོན་ཚད་རྒྱ་མ་400ནས་800བར་ཟིན་ཞིང་། དེ་དག་གི་དཔལ་འབྱོར་རིན་ཐང་ནི་ཞིང་ལས་སྐྱེ་དངོས་གཙོ་བོ་ནས་ལས་མཐོ་བ་ཡོད་པ་དང་མུའུ་རེའི་ཆ་སྙོམས་ཡོང་འབབ་ནས་ཀྱི་ལྡབ་4ཙམ་ཟིན་གྱི་ཡོད་པ་རེད། གཞན་ཡང་སྟབས་བསྟུན་ལས་ཞུགས་བྱེད་མཁན་བརྒྱ་ཙམ་ལ་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱས་ཡོད་པ་རེད།
ན་ནིང་། བསམ་གྲུབ་རྩེ་ཆུས་སློབ་ཆུང་གསུམ་པ་དང་སློབ་འབྲིང་དང་པོས་གཞིས་རྩེ་གྲོང་ཁྱེར་གྱི་ཚབ་བྱས་ཏེ། ཀྲེང་ཀྲོའུ་རུ་འཚོགས་པའི་གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་ཆེན་གྱི་རྒྱལ་ཡོངས་མཐའ་བསྡུར་ལ་ཐེངས་དང་པོར་ཞུགས་པ་དང་། འགྲན་བསྡུར་ཁྲོད་ཟངས་ཀྱི་བྱ་དགའ་གཉིས་ཐོབ་པ་རེད། དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་རྒྱལ་ཡོངས་ཀྱི་གསར་གཏོད་རིགས་ཀྱི་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད།