དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནའ་དེང་ཟུང་འབྲེལ་གྱི་བར་སྐོར་ནས་སྔར་སོང་གི་ལོ་རྒྱུས་ལ་བསྐྱར་དྲན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་སྐྱིད། དབྱངས་ཅན་སྒྲོལ་མ།   |     སྤེལ་དུས།  2024-06-19

    གྲོང་ཁྱེར་རེ་རེར་རང་རང་གི་ཁྱད་ཆོས་ལྡན་པའི་ཁྲོམ་གཞུང་རྙིང་པ་རེ་ཡོད་ཅིང་། དེ་དག་གིས་གྲོང་ཁྱེར་གྱི་དྲན་ཤེས་མཚོན་ལ་ཡུལ་ལུང་དེ་གའི་གཏམ་རྒྱུད་ཀྱང་མཚོན། དཔེར་ན། པེ་ཅིང་གི་ཁྲང་ཨན་ཁྲོམ་གཞུང་དང་། ཧྲང་ཧའེ་ཡི་ནན་ཅིང་ལམ། ཁྲེང་ཏུའུ་ཡི་ཁྲུན་ཞི་ལམ་སོགས་ལྟ་བུ་ཡིན་ཏེ། ལྷ་སར་ཡང་ཁྲོམ་གཞུང་དེ་ལྟ་བུ་ཞིག་ཡོད་པ་ནི་བར་སྐོར་རེད།

    ཡུལ་སྐོར་བས། བར་སྐོར་གྱི་བོད་ལུགས་བཟོ་བཀོད་ལ་ཁྱད་ཆོས་ཆེན་པོ་ལྡན།

    ལྷ་སའི་བར་སྐོར་གྱི་རྩིག་པ་དཀར་པོ་དང་སྒེའུ་ཁུང་ནག་པོ་དག་ལས་བར་སྐོར་གྱི་ལོ་རྒྱུས་མཚོན་གྱི་ཡོད་ཅིང་། བོད་ལུགས་ཀྱི་ཤིང་བཟོས་སྒེའུ་ཁུང་ཁར་བཞག་པའི་མེ་ཏོག་འཇོག་སྒྲོམ་བར་ནས་ཕར་བལྟས་ན། ཕྲུ་གུ་འགའ་ཞིག་རྩེད་འཇོར་རོལ་བ་མཐོང་ཐུབ། ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་ཁྲོམ་གཞུང་དེར་ལྷ་སའི་གནའ་གྲོང་གི་སྲོལ་རྒྱུན་གྱི་ཉམས་འགྱུར་དང་འཚོ་སྡོད་བྱེད་སྟངས་ཅུང་ཆ་ཚང་བར་སོར་འཇོག་བྱས་ཡོད་ལ། 2009ལོར་དེ་ཉིད“ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་གྲགས་ཅན”ཁག་དང་པོའི་ནང་བདམས་པ་དང་། 2023ལོར་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཁག་གསུམ་པའི་ནང་བདམས་པ་རེད།

    བར་སྐོར་ལྟེ་བར་བྱས་པའི་ཉེ་འཁོར་དུ་གནའ་བོའི་སྒོ་ར་ཅན་གྱི་ཁྲོམ་གཞུང་མང་པོ་ཡོད་ལ། དེ་དག་གིས་གྲོང་ཁུལ་རྙིང་པར་གསོན་ཤུགས་སྦྱིན་ཡོད། ཡུལ་སྐོར་བའི་ངོས་ནས་བརྗོད་ན། བར་སྐོར་ནི་ཡུལ་སྐོར་གྱི་མཛེས་ལྗོངས་ཤིག་ཡིན་ལ། ཡུལ་མིར་མཚོན་ན། བར་སྐོར་ནི་མི་རབས་ནས་མི་རབས་བར་བརྒྱུད་པའི་ལྷ་ས་བའི་དྲན་ཤེས་འདུས་པའི་ཁྱིམ་གཞིས་ཤིག་རེད།

    ཇ་བསྲུབས་མ་ཕོར་པ་གང་འཐུང་བཞིན་ཐོག་བརྩེགས་ཁང་པའི་གཤམ་དུ་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་བར་ལྟ་བའམ་ཡང་ན་བར་སྐོར་གྱི་རྐུབ་སྟེགས་རིང་པོའི་ཐོག་བསྡད་ནས་ཡུལ་སྐོར་བར་ཁ་བརྡ་གློད་པ་ནི། འདི་ལོ་ལོ་68ལ་སླེབས་པའི་ངག་དབང་ཚེ་རིང་གི་ཉིན་རེའི་འཚོ་བ་སྐྱེལ་སྟངས་རེད། “ཡུལ་སྐོར་བ་ཚོས་བོད་ལུགས་ཀྱི་ཁང་པར་ཁྱད་ཆོས་ཆེན་པོ་ལྡན་ཞེས་ཤོད་ཀྱི་འདུག གནའ་བོའི་སྒོ་ར་ཆེན་པོར་སྲུང་སྐྱོང་ཡག་པོ་དང་གསར་སྤེལ་ཡག་པོ་བྱས་ཚེ། གཞི་ནས་ཚང་མའི་སེམས་ཁོངས་སུ་ཡོད་པའི་ཕ་ཡུལ་སྐོར་གྱི་བག་ཆགས་གཏན་དུ་གནས་ཐུབ་ལ། ཡུལ་སྐོར་བར་ཉམས་ལེན་ཕུན་སུམ་ཚོགས་པོ་ཡང་སྦྱིན་ཐུབ”ཅེས་ངག་དབང་ཚེ་རིང་གིས་བཤད།

    ལྷ་སའི་གནའ་གྲོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། 2012ལོར་ལྷ་ས་གྲོང་ཁྱེར་རིག་དངོས་སྡེ་ཚན་གྱིས་བར་སྐོར་ནང་གི་གནའ་བོའི་སྒོ་ར་ཆེན་པོར་ཁྱོན་ཡོངས་ནས་ཡོངས་བཤེར་དང་ཐོ་འགོད་ཀྱི་ལས་དོན་བསྒྲུབས་ནས། མཐར་གནའ་བོའི་སྒོ་ར་ཆེན་པོ་56ལྷ་ས་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་གྲས་སུ་བཅུག་པ་དང་། དུས་མཚུངས་སུ་དེའི་གྲས་ཀྱི་ལོ་མང་རིང་ཉམས་གསོ་མ་ཐུབ་པའི་གནའ་བོའི་སྒོ་རར་སྲུང་སྐྱོང་རང་བཞིན་གྱི་ཉམས་གསོ་དང་རྒྱུན་གཏན་གྱི་བདག་སྐྱོང་ལས་དོན་གང་ལེགས་སྤེལ་བ་རེད།

    ཡུལ་མིས། གནའ་བོའི་སྒོ་ར་ཆེན་པོ་ནས་དུས་རབས་ཀྱི་ཉམས་བཟང་རྒྱུན་ཆད་མེད་པར་མངོན།

    “ང་ཚོ་ཁྲོམ་གཟིགས་སྒང་སྡེ་ཁུལ་དུ་སྒོ་ར་ཆེན་པོ་ཁྱོན་28ཡོད་པའི་ནང་། གནའ་བོའི་སྒོ་ར་ཆེན་པོ་3ནི་བདེ་ཆེན་རབ་བརྟན་ནུབ་དང་། ནམ་མཁའ་ནུབ། དར་པོ་གླིང་བཅས་ཡིན། དེ་དག་རེ་རེར་གཏམ་རྒྱུད་རེ་ཡོད་ལ་མིང་འདོགས་སྟངས་ལའང་དོན་སྙིང་ཆེན་པོ་འདུག”ཅེས་ཉེ་འགྲམ་གྱི་གནའ་བོའི་སྒོ་ར་ཆེན་པོའི་སྐོར་གླེང་སྐབས་སྐར་གསལ་གྱིས་ལྷུག་པོར་བརྗོད་པ་རེད།

    1998ལོར་སྐར་གསལ་ནང་མི་ཡོངས་བར་སྐོར་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ཞྭ་སྒབ་པ་སྒོ་རའི་ནང་སྤོས་ཤིང་། སྐབས་དེར་སྒོ་རའི་ནང་དུད་ཚང་24དང་མི་80ལྷག་ཙམ་སྡོད་ཀྱི་ཡོད་པའི་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་ཡོད། དུས་ཡུན་རིང་པོའི་ནང་ཁྱིམ་མཚེས་འཆམ་མཐུན་དང་ཕན་ཚུན་རོགས་རམ་བྱེད་པའི་དབང་གིས་ཚང་མ་སྒོ་ར་ཆེན་པོ་དེར་བརྩེ་དུང་ཟབ་མོ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་གནའ་བོའི་སྒོ་ར་ཆེན་པོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་སྒོ་ར་ཆེན་པོའི་ཚོགས་ཆུང་གི་ཙུའུ་ཀྲང་དང་། སྒྲོག་འགྲེལ་པ། ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཡིན་པའི་སྐར་གསལ་གྱིས་ཉིན་ལྟར་གནའ་གྲོང་གི་སྲང་ལམ་ཆུང་ངུའི་བར་དུ་ཕར་འགྲོ་ཚུར་འོང་བྱས་པས། གནའ་བོའི་ཁང་པར་སྔར་བས་རྒྱུས་མངའ་ཆེ་རུ་སོང་བ་དང་། ཁོངས་གཏོགས་ཁུལ་གྱི་སྒོ་ར་ཆེན་པོའི་འཕེལ་རྒྱས་དང་འགྱུར་ལྡོག་ལའང་དཔང་པོ་བྱས།

    གྲོང་ཁུལ་རྙིང་པའི་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད། 2012ལོའི་ཟླ་12ཚེས་20ཉིན་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་གྲྭ་དངོས་སུ་འགོ་ཚུགས་ཤིང་། ལས་གྲྭའི་ཞིབ་ཕྲའི་ནང་དོན་ཐད་ཆུ་འབུད་སྒྱུར་བཀོད་དང་། གློག་སྐུད་སྒྱུར་བཀོད། གྲོང་ཁུལ་རྙིང་པའི་དྲོད་འདོན་ལས་གྲྭ། གནའ་གྲོང་གི་ཁྱད་ལྡན་ཉམས་འགྱུར་སྲུང་སྐྱོང་ལས་གྲྭ་སོགས་ཚུད་ཡོད་པ་རེད།

    “སྔོན་ཆད་ཀྱི་སྒོ་ར་ཆེན་པོའི་ཆུ་གློག་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མེད་པ་དང་རྩིག་པ་ཁག་གཅིག་གས་ཡོད་ལ། མཚན་མོར་སྲང་ལམ་ཡོངས་ནག་རོག་རོག་ཡིན་པ་སོགས་མདོར་ན་ཁོར་ཡུག་སྤྱིའི་ཆ་ནས་ཞན་པོ་ཡོད”ཉམས་གསོ་སྲུང་སྐྱོང་དང་བཅོས་སྒྲིག་བྱས་པ་བརྒྱུད་གནའ་བོའི་སྒོ་ར་བཙོག་ཟིང་ཞན་གསུམ་ནས་གཙང་སྦྲ་དོད་པོར་གྱུར་ཏེ་ཡུལ་མིའི་འཚོ་བའི་སྤུས་ཚད་ཀྱང་རིམ་བཞིན་ལེགས་སུ་སོང་ཡོད་ཅེས་སྐར་གསལ་གྱིས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།

    “2019ལོ་ནས་བཟུང་། ཁྲོམ་གཟིགས་སྒང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་སྒོ་ར་ཆེན་པོའི་གང་སར་ཉམས་གསོ་ཐེངས་མང་བྱས་པར་བརྟེན། ད་ཆ་ཐོག་བརྩེགས་ཁང་པའི་བར་གྱི་ལམ་ག་གཙང་བ་མ་ཟད་གད་སྙིགས་སྤུངས་པའང་མཐོང་རྒྱུ་མེད། ས་འོག་ཆུ་ལམ་ཡང་འགག་གི་མེད་ལ་ལམ་སྒྲོན་དང་ས་འོག་ཆུ་ལམ་གྱི་ཁ་གཅོད་ལ་ད་དུང་ང་ཚོའི‘བར་སྐོར་གྱི་ཁྱད་ཆོས’ཡོད”ཅེས་སྐར་གསལ་གྱིས་བཤད།

    བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས། ལོ་རྒྱུས་དང་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བྱེད་དགོས།

    “རིག་དངོས་ཀྱི་སྔར་ཡོད་རིན་ཐང་ལ་ཐེ་གཏོགས་དང་གཏོར་བཤིག་གཏོང་བའི་ཉེན་ཁ་སྔོན་འགོག་བྱ་ཆེད། གནའ་བོའི་སྒོ་ར་ཆེན་པོ་ཉམས་གསོ་བྱེད་རིང་ང་ཚོ་དོ་དམ་ཨུ་ལྷན་གྱིས་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཞིབ་མཆན་འགོད་པའི་གོ་རིམ་ནན་པོ་བཟོས་ཏེ། གནའ་བོའི་སྒོ་ར་ཆེན་པོའི་ཉམས་གསོའི་ལས་དོན་དེ་ཆེད་ལས་ཀྱི་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་འོག་སྤེལ་ཐུབ་པར་བྱེད་ཀྱི་ཡོད། གོ་རིམ་དེ་རིགས་ཀྱིས་རིག་དངོས་ཀྱི་དངོས་ཡོད་རང་བཞིན་དང་ཆ་ཚང་རང་བཞིན་ལ་འགན་ལེན་བྱས་པ་མ་ཟད། མི་རབས་རྗེས་མར་རིག་གནས་ཀྱི་རྒྱུ་ནོར་རྩ་ཆེན་ཡང་བཞག་ཡོད”ཅེས་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    ཉེ་བའི་ལོ་ཤས་རིང་། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། སྔར་ཡོད་ཇི་བཞིན་ཉམས་གསོ། གནའ་ཉམས་སོར་འཇོག”བཅས་ཀྱི་རྩ་དོན་གཞིར་བཟུང་གནའ་བོའི་ཁང་པར་ཉམས་གསོ་བྱས་པ་དང་འབྲེལ། ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོག་ནས་བར་སྐོར་གྱི་གནའ་བོའི་སྒོ་ར་ཆེན་པོའི་ལོ་རྒྱུས་ཀྱི་རྣམ་པ་དང་། རིག་གནས་ཀྱི་ནང་དོན། དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་བཅས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཏེ་གནའ་བོའི་བཟོ་བཀོད་ལ་སྐྱེ་སྟོབས་གསར་པ་འཕེལ་བར་བྱས་ཡོད།

    བར་སྐོར་གྱི་གནའ་བོའི་སྒོ་ར་ཆེན་པོ་ཞིག་ཏུ། 95ནང་སྐྱེས་ཀྱི་བོད་རིགས་གཞོན་པ་བསྟན་དར་གྱིས་མིང་ལ“གཟིམ་ཤག”ཅེས་པའི་ཀོག་ཧྥེ་འཐུང་ས་ཞིག་བཙུགས་ཡོད། དེ་གར་ཀོག་ཧྥེ་འཐུང་གིན་དཔེ་དེབ་ལྟ་བ་དང་། ཀོག་ཧྥེ་ཡི་དྲི་ཞིམ་རབ་ཏུ་འཐུལ་ནས་གནའ་བོའི་སྒོ་རར་གསོན་ཤུགས་གསར་པ་སྦྱིན་ཡོད། “ཀོག་ཧྥེ་འཐུང་སའི་ཚོང་ཧ་ཅང་ཡག་པོ་འདུག ངས་རྟག་ཏུ་མགྲོན་པོ་ཚོར་སྒོ་ར་ཆེན་པོའི་གཏམ་རྒྱུད་ཤོད་ཀྱི་ཡོད། ང་ཆུང་དུས་ནས་འདི་གར་འཚར་ལོངས་བྱུང་བ་དང་སྒོ་ར་ཆེན་པོའི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང”ཞེས་བསྟན་དར་གྱིས་བཤད། གནའ་བོའི་སྒོ་རས་མི་རབས་ནས་མི་རབས་བར་གྱི་གཏམ་རྒྱུད་ལ་དཔང་པོ་བྱས་ཤིང་། སྒོ་ར་དེ་སྔོན་ཆད་ཧ་གོ་མཁན་ཉུང་ཉུང་ཡིན་པ་དང་ད་ཆ་ཀོག་ཧྥེ་འཐུང་ས་གཉེར་བ་ལས་གནའ་བོའི་སྒོ་རས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་བསུ་བཞིན་ཡོད།

    ད་ཆ་གནའ་བོའི་སྒོ་ར་ཆེན་པོར་ལྡན་པའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་གདོད་མའི་རྣམ་པ་དེ་དམངས་སྲོལ་གནས་ཚང་དང་། ཀོག་ཧྥེ་འཐུང་ས། རིག་གནས་བསམ་བཀོད་ཚོང་ཁང་སོགས་དེང་རབས་ཀྱི་གཞི་རྒྱུ་དང་གཞི་གཅིག་ཏུ་འདྲེས་ནས། ལྷ་སའི་ཡུལ་སྐོར་རིག་གནས་ཀྱི་མིང་བྱང་གསར་པ་དང་ས་གནས་དེ་གའི་ཡུལ་མིའི་བདེ་སྐྱིད་འཚོ་བ་མངོན་པའི་སྐར་ཁུང་ཞིག་ཏུ་གྱུར།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།