《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གི་དྲི་བ་དྲིས་ལན།
【ནང་དོན་ཡོང་ཁུངས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》2023ལོར་བཟོ་བཅོས་བརྒྱབ】
དྲི་བ། ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཤུགས་རྐྱེན་དང་མཇུག་འབྲས་སྐོར་ལ་གཏན་འབེབས་གང་དག་ཡོད་དམ།
དྲིས་ལན། དོན་ཚན་བཅུ་གཅིག་པ། ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ་ཞེས་པ་ནི་ཆད་པ་ཕོག་པའི་ཏང་ཡོན་ལ་ཏང་ནང་ཁུལ་གྱི་འདེམས་བསྐོའམ་ཡང་ན་རྩ་འཛུགས་ཀྱིས་བསྐོ་གཞག་བྱས་པའི་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བར་ཟེར། ཏང་ནང་ཁུལ་དུ་གོ་གནས་གཉིས་ཡན་འཁུར་མཁན་ལ་ཏང་རྩ་འཛུགས་ཀྱིས་ཆད་པ་གཅོད་རྒྱུའི་ཐག་གཅོད་སྐབས། དེའི་གོ་གནས་ཚང་མ་མེད་པར་བཟོ་བའམ་ཡང་ན་གོ་གནས་གཅིག་གམ་ཁ་ཤས་མེད་པར་བཟོ་དགོས་ལུགས་ཁ་གསལ་བཟོ་དགོས། གལ་ཏེ་དེའི་གོ་གནས་གཅིག་མེད་པར་བཟོ་རྒྱུའི་ཐག་བཅད་ན་ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་དེ་མེད་པར་བཟོ་དགོས། གལ་ཏེ་དེའི་གོ་གནས་གཉིས་ཡན་མེད་པར་བཟོ་རྒྱུའི་ཐག་བཅད་ན་ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་ནས་རིམ་པ་ལྟར་མེད་པར་བཟོ་དགོས། ཏང་ཕྱིའི་རྩ་འཛུགས་ནང་གོ་གནས་འཁུར་མཁན་ལ་ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་དགོས་པའི་གྲོས་འགོ་འདོན་དགོས།
གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱེད་སྐབས་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པ་དང་གོ་གནས་འཐེན་པའི་ཏང་ཡོན་ལ་ཞིབ་བཤེར་བྱས་རྗེས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས་ན། དེ་སྔོན་གྱི་གོ་གནས་ལྟར་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་དགོས། ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་རྒྱུའི་ཆད་པ་གཅོད་དགོས་མོད། འོན་ཀྱང་རང་ཉིད་ཀྱིས་ཏང་ནང་ཁུལ་གྱི་གོ་གནས་འཁུར་མེད་ན། དེར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་དགོས། དུས་མཚུངས་སུ་ཏང་ཕྱིའི་རྩ་འཛུགས་སུ་གོ་གནས་འཁུར་ཡོད་ན། ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་དགོས་པའི་གྲོས་འགོ་འདོན་དགོས།
ཏང་ཡོན་ལ་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ་ཕོག་པའམ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་རིགས། ལོ་གཉིས་ནང་ཚུན་དུ་ཏང་ནང་ཁུལ་དུ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱེད་མི་ཆོག
དྲི་བ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པའི་ཤུགས་རྐྱེན་དང་མཇུག་འབྲས་སྐོར་ལ་གཏན་འབེབས་གང་དག་ཡོད་དམ།
དྲིས་ལན། དོན་ཚན་བཅུ་གཉིས་པ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དེ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་པ་དང་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཉིས་བྱེད་པ་གཉིས་སུ་དབྱེ་ཡོད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ལོ་གཅིག་ཕོག་པའི་ཏང་ཡོན་དེའི་ཆད་གཅོད་དུས་བཀག་ཐིམ་ཡང་སྔར་བཞིན་ཏང་ཡོན་གྱི་ཁེ་དབང་སླར་གསོའི་ཆ་རྐྱེན་མ་འཛོམས་ན། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་ལོ་གཅིག་ནར་འགྱངས་བྱ་རྒྱུ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་དུས་བཀག་རིང་ཤོས་ལོ་གཉིས་ལས་བརྒལ་མི་ཆོག
ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་རིང་བརྡས་ཐག་གཅོད་དབང་དང་། འདེམས་བསྐོ་བྱེད་དབང་། གདམ་བྱའི་དབང་ཆ་བཅས་གང་ཡང་མེད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་རིང་དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ཡོད་ན། དུས་བཀག་ཐིམ་རྗེས་དེའི་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱ་རྒྱུ། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་སྒྲིག་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་པ་བསྐྱར་དུ་ཤེས་ཚེ། ཏང་གི་སྐྱིད་སྡུག་ནས་འབུད་དགོས།
ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་ཚེ། དེའི་ཏང་ནང་ཁུལ་གྱི་གོ་གནས་རང་བཞིན་གྱིས་མེད་པར་བཟོ་རྒྱུ། ཏང་ཕྱིའི་གོ་གནས་འཁུར་ཡོད་ན། ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པར་བཟོ་རྒྱུའི་གྲོས་འགོ་འདོན་དགོས། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་ཕོག་པའི་ཏང་ཡོན་གྱིས་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱས་རྗེས་ཀྱི་ལོ་གཉིས་ནང་ཚུན་དུ་ཏང་ནང་ཁུལ་དུ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ལ་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱེད་མི་ཆོག
དྲི་བ། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་པའི་ཤུགས་རྐྱེན་དང་མཇུག་འབྲས་སྐོར་ལ་གཏན་འབེབས་གང་དག་ཡོད་དམ།
དྲིས་ལན། དོན་ཚན་བཅུ་གསུམ་པ། ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་ཕོག་ན། ལོ་ལྔའི་ནང་ཚུན་དུ་ཏང་ནང་བསྐྱར་དུ་ཞུགས་མི་ཆོག་ལ། དེ་སྔའི་གོ་གནས་དང་མཚུངས་པའམ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་རྒྱུར་འོས་སྦྱོར་ཡང་བྱེད་མི་ཆོག ཏང་ནང་བསྐྱར་དུ་ཞུགས་མི་ཆོག་པའི་གཏན་འབེབས་གཞན་ཡོད་ན་གཏན་འབེབས་ལྟར་བྱ་རྒྱུ།
དྲི་བ། ཆད་པ་ཡང་པོ་གཅོད་པའམ་ཡང་ན་ཇེ་ཡང་དུ་གཏོང་ཆོག་པའི་གནས་ཚུལ་གང་དག་ཡོད་དམ།
དྲིས་ལན། དོན་ཚན་བཅུ་བདུན་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཆད་པ་ཡང་པོ་གཅོད་པའམ་ཡང་ན་ཇེ་ཡང་དུ་གཏོང་ཆོག་པ་སྟེ།
(གཅིག) རང་ཉིད་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་ངེས་ཀྱི་གནད་དོན་རང་འགུལ་གྱིས་ངོས་ལེན་ཞུ་རིགས།
(གཉིས) རྩ་འཛུགས་ཀྱིས་ཁ་བརྡ་དང་ཡིག་བསྐུར་འདྲི་རྩད། ཐོག་མའི་ཞིབ་བསྡུར་བྱེད་པ། གྱོད་ཐོ་བཀོད་དེ་ཞིབ་བཤེར་བཅས་བྱེད་རིང་ཞིབ་བསྡུར་ཞིབ་བཤེར་གྱི་ལས་ཀར་གཞོགས་འདེགས་བྱས་ནས་རང་ཉིད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཇི་མ་ཇི་བཞིན་ཞུ་རིགས།
(གསུམ) གྱོད་གཞི་དང་འབྲེལ་བ་ཡོད་པའི་སྐྱེ་བོའམ་ཡང་ན་མི་གཞན་དག་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་བཅའ་ཁྲིམས་ཀྱི་བདའ་འདེད་གཏོང་དགོས་པའི་གནད་དོན་ཐེར་འདོན་བྱས་པ་དེ་རྩད་ཞིབ་བྱས་ནས་བདེན་པ་བདེན་ཐུབ་ཡིན་པ་ར་འཕྲོད་བྱུང་བའམ་བྱས་རྗེས་བཞག་པའི་རྣམ་འགྱུར་གཞན་དག་ཡོད་རིགས།
(བཞི) རང་འགུལ་གྱིས་གྱོང་གུན་སེལ་བ་དང་ཤུགས་རྐྱེན་ངན་པ་མེད་པར་བཟོ་བའམ་གནོད་འཚེའི་མཇུག་འབྲས་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱས་རིགས།
(ལྔ) སྒྲིག་འགལ་གྱི་ཐོབ་ཆ་རང་འགུལ་གྱིས་གོང་འབུལ་ཞུ་བའམ་སྐྱིན་ཚབ་འཇལ་རིགས།
(དྲུག) ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆད་པ་ཡང་པོ་གཅོད་པའམ་ཡང་ན་ཇེ་ཡང་དུ་གཏོང་བའི་གནས་ཚུལ་གཞན་དག་ཡོད་རིགས།
གྱོད་དོན་གྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཐག་བཅད་པའམ་ཞིང་ཆེན(པུའུ)རིམ་པའི་སྒྲིག་ཨུད(ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་སྒྲིག་ཨུད་ཚུད་མེད)ཀྱིས་ཐག་བཅད་པ་མ་ཟད། ཀྲུང་དབྱང་སྒྲིག་ཨུད་ལ་ཆོག་མཆན་ཞུ་རྒྱུར་འབུལ་དགོས་པ་དང་། སྒྲིག་འགལ་ཏང་ཡོན་ལ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་གཏན་འབེབས་ནང་འཁོད་པའི་ཆད་པ་གཅོད་ཚད་ཕུད་པའི་ཆད་པ་ཇེ་ཡང་དུ་གཏོང་ཆོག