དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་བབ་མཐོ་ཡང་ཡུལ་མིའི་དངུལ་བུན་གཡར་བའི་དགོས་མཁོ་སྐོང་བར་གཞོལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨོའུ་དབྱང་ཅེ་དང་ཆའོ་ཏུང་།   |     སྤེལ་དུས།  2024-06-18

    མཚོ་སྔོན་གྱི་རང་བྱུང་ས་ཁམས་ཀྱི་ཁྱད་ཆོས་དམིགས་བསལ་ཆེ་བ་དང་། མུ་ལ་མུ་ཁྱུད་ཀྱི་རི་བོས་བསྐོར་བས་ཞིང་ཕན་དངུལ་རྩའི་ཞབས་ཞུ་སྒྲུབ་པར་དཀའ་ཚེགས་ཆེན་པོ་འཕྲད་ཀྱི་ཡོད། འདི་ནི་བཙུན་མོ་དམར་ཡག་མ་ཡིན་པ།

    འདི་ནི་སྐར་མ་བཀྲ་ཤིས(གཡོན)ཀྱིས་སྐར་མ་འགྱུར་མེད་ལ་དངུལ་རྩའི་ལས་སྒོ་གཉེར་རོགས་བྱེད་བཞིན་པ།

    འདི་ནི་སྐར་མ་བཀྲ་ཤིས(གཡོན)འབྲོག་པའི་ཁྱིམ་དུ་སྐྱོད་བཞིན་པ།

    བརྗིད་ཆགས་གངས་རིའི་འདབས་ནས་སྐར་མ་འགྱུར་མེད་ཀྱིས་ཐག་རིང་དུ་རྒྱང་ལྟ་བྱེད་པ་དང་། སྐབས་སྐབས་སུ་ཁུག་མའི་ནང་གི་ཁ་བཏགས་ལ་ལྟ་ཙམ་ལྟ་ཙམ་བྱེད་པར་བལྟས་ན་གལ་ཆེ་བའི་མི་ཞིག་ཡོང་རྒྱུར་སྒུག་བཞིན་ཡོད་པ་འདྲ། ཉེ་འགྲམ་གྱི་མིས“ཡོང་གི་འདུག”ཅེས་བརྗོད་མ་ཐག་ཁོང་གི་སེམས་པ་རིམ་གྱིས་ལྷོད་དུ་སོང་ནས་འཛུམ་དམུལ་དམུལ་བྱེད།

    འདི་གར་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དགེ་ཆེན་གྲོང་ཚོ་ཡིན་པ་དང་། སྐར་མ་འགྱུར་མེད་ནི་ཆུ་དམར་ལེབ་རྫོང་དེང་རབས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རེད། རྟ་བཞོན་ནས་ཡོང་མཁན་དེ་ནི་ཆུ་དམར་ལེབ་རྫོང་གྲོང་གསེབ་ཚོང་ལས་དངུལ་ཁང་གི་ལས་དོན་པ་སྐར་མ་བཀྲ་ཤིས་དང་ལས་རོགས་ཚོ་ཡིན་ཞིང་། ད་ཐེངས་ཆེད་མངགས་དགེ་ཆེན་གྲོང་ཚོའི་གྲོང་མིའི“སྒོ་ཕྱུགས་གསུམ་གྱི་དངུལ་བུན”སྐོར་ལ་མཐིལ་རྟོགས་བྱེད་པར་ཡོང་བ་རེད།

    ཆུ་དམར་ལེབ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་གྱི་ཡོད་པས། ཡུལ་ཤུལ་དུ“མཁའ་དབྱིངས་ཀྱི་ཆུ་དམར་ལེབ”ཅེས་འབོད་ཀྱི་ཡོད། འདི་གར་ལས་ཀ་བྱེད་སྐབས་ལམ་ཐག་རིང་བའི་ཁར་འབྲོག་དུད་ཐར་ཐོར་དུ་གནས་ཡོད་པས་དཀའ་ངལ་ཆེན་པོ་ཡོད། སྐར་མ་འགྱུར་མེད་ཀྱི་ཁྱིམ་ནི་སྤང་རིའི་འདབས་སུ་ཁེར་རྐྱང་དུ་ཆགས་ཡོད། ཕྱོགས་བཞིར་བལྟས་ན་ཁྱིམ་དུད་གཅིག་རང་ལས་མཐོང་རྒྱུ་མེད།

    རྟ་ཡག་པོ་བཏགས་རྗེས་སྐར་མ་འགྱུར་མེད་ཀྱིས་མགྲོན་པོ་རྣམས་ཁྱིམ་དུ་བོས་ནས་དྲི་ཞིམ་འོ་ཇ་ཚ་པོ་གང་བཀྱག “ང་ཚོའི་དོན་དུ་ཁྱེད་རྣམ་པ་རྟག་པར་ལམ་ཐག་རིང་པོ་འདི་འདྲ་ཡོང་དགོས་འཁེལ་སོང”ཞེས་སྐར་མ་འགྱུར་མེད་ཀྱིས་འཚེར་སྣང་ཆེན་པོས་བཤད།

    སྐར་མ་བཀྲ་ཤིས་ཀྱིས“སྐད་ཆ་ཡོད་ན་གདོང་ཐུག་ནས་བཤད་ན་ཡག་པོ་འདུག ཐེངས་མ་རེ་ཡོང་ན་བློ་བདེ་པོ་གཏན་ནས་མི་འདུག”ཅེས་བཤད།

    གླེང་མོལ་བྱེད་ཞོར་དུ་སྐར་མ་འགྱུར་མེད་ཀྱིས་སྔོན་ཆད་དང་བསྡུར་བ་བྱས་ཏེ། “ད་ཆ་དངུལ་བསྒྱུར་བར་སྟབས་བདེ་རུ་ཕྱིན་འདུག ཚང་མ་ལག་ཐོགས་ཁ་པར་ནས་བསྒྱུར་ཐུབ་པས་ཆེད་མངགས་དངུལ་སྨར་འདོན་པར་འགྲོ་དགོས་ཀྱི་མི་འདུག དངུལ་སྨར་འདོན་དགོས་ན་སྤྱི་ལེ་ཁ་ཤས་སར་ཡོད་པའི་དམངས་ཕན་ཞབས་ཞུའི་ས་ཚིགས་སུ་བསྐྱོད་ན་གྲངས་ཉུང་དངུལ་ལམ་སེང་འདོན་ཐུབ་ཀྱི་འདུག”ཅེས་བཤད།

    དེ་རྗེས་སྐར་མ་འགྱུར་མེད་ཀྱིས་ཡིག་ཆ་མང་པོ་ཞིག་འཁྱེར་ནས་ལས་ཀ་དངོས་སྒྲུབ་འགོ་བརྩམས། “ང་ཚོའི་གྲོང་ཚོའི་མཉམ་ལས་ཁང་གི་ཁོངས་མི་30ལྷག་ཙམ་གྱི་དངུལ་བུན་རེ་ཞུ་ཚང་མ་འདི་གར་ཕྱོགས་བསྡུས་བྱས་ཡོད། ཏོག་ཙམ་ནས་ངས་ཁྱེད་རྣམས་ཚོ་དུད་ཁྱིམ་རེ་རེ་བཞིན་དུ་བལྟ་རུ་ཁྲིད་ཆོག” སྐར་མ་བཀྲ་ཤིས་ཀྱིས་ཡིག་ཆ་བླངས་ནས་ལས་རོགས་ཚོ་དང་ཞིབ་བསྡུར་ནན་ཏན་བྱས།

    སྐར་མ་བཀྲ་ཤིས་ཀྱིས། མིག་སྔར་ཆུ་དམར་ལེབ་རྫོང་གྲོང་གསེབ་ཚོང་ལས་དངུལ་ཁང་གིས་གྲོང་ཚོ་ཧྲིལ་པོར་ཡིད་རྟོན་དངུལ་བུན་གཏོང་སྟངས་ལ་སྐུལ་འདེད་བཏང་ནས། གྲོང་ཚོ་གཅིག་གི་ཡིག་ཆ་འཐུས་ཚང་བྱུང་ན་གྲོང་ཚོ་གཅིག་གི་འགྲོ་ལུགས་གཉེར་གྱི་ཡོད། “དེ་སྔ་དུད་ཚང་ཁག་གིས་ཁེར་རྐྱང་དུ་གཉེར་བ་དང་བསྡུར་ན་འགྲོ་ལུགས་སྡེབ་གཅིག་ལ་མཉམ་དུ་གཉེར་ཐུབ་པ་དང་མཉམ་སྡེབ་ཀྱིས་གཉེར་བའི་ལས་ཕྱོད་དེ་བས་ཆེ་བ་ཡོད་པ་མ་ཟད། གྲོང་མི་ཕན་ཚུན་ཁག་ཐེག་བྱེད་ཆོག་པས་ཚུལ་མིན་དངུལ་བུན་གྱི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་དང་གྲོང་གསེབ་ཀྱི་ཡིད་རྟོན་ཁོར་ཡུག་ལེགས་སུ་གཏོང་ཐུབ”ཅེས་སྐར་མ་བཀྲ་ཤིས་ཀྱིས་བཤད།

    གློག་རྡུལ་ལག་རྩལ་སྤྱོད་ཐུབ་པས་གྲོང་མིའི་དངུལ་བུན་གཡར་བར་དེ་བས་སྟབས་བདེ་རུ་ཕྱིན་ཡོད། 2009ལོར་སྐར་མ་འགྱུར་མེད་ཀྱིས་གྲོང་གསེབ་ཚོང་ལས་དངུལ་ཁང་ནས་ཐེངས་དང་པོར་དངུལ་བུན་སྒོར་ཁྲི་3གཡར་བ་རེད། “དེ་དུས་དངུལ་བུན་རེ་ཞུ་བྱེད་པར་ཡིག་ཆ་མང་པོ་དགོས་པ་དང་། ཟླ་བ་གཅིག་ལྷག་ཙམ་འགོར་གྱི་ཡོད”སྐར་མ་འགྱུར་མེད་ཀྱིས་དེ་དུས་ཟོག་འདྲེན་རླངས་འཁོར་བཙོངས་ཏེ་འབྲོག་རར་ལོག་ནས་འབྲི་གཡག་གསོ་ཚགས་བྱས་ཡོད། “སྒོར་ཁྲི་3གྱིས་བེའུ་བཅུ་གྲངས་ཉོས་ནས་འབྲི་གཡག་གསོ་འགོ་བཙུགས་པ་ཡིན”

    ལོ་འདི་དག་རིང་སྐར་མ་འགྱུར་མེད་ཀྱིས་ཁྱོན་དངུལ་བུན་ཐེངས་15གཡར་བ་དང་། འབྲི་གཡག་གསོ་ཚགས་ཀྱི་གཞི་ཁྱོན་ཡང་མགོ་གྲངས་420ཙམ་ཟིན་ཡོད། “ད་ཆ‘སྒོ་ཕྱུགས་གསུམ་གྱི་དངུལ་བུན”གཡར་བར་ཁང་པའི་ལག་ཁྱེར་མི་དགོས་པར་འབྲི་གཡག་གཏའ་མར་བཞག་ན་ཆོག་པ་དང་། ལག་ཐོགས་ཁ་པར་གྱི་དུད་སྣེ་ནས་རེ་ཞུ་བྱས་ན་ཡིག་ཆ་ཤོག་ལྷེ་གཉིས་ལས་མེད། འདི་ལོ་ངས་དངུལ་བུན་སྒོར་ཁྲི་50གཡར་ནས་འབྲི་གཡག་དང་གཟན་རྩྭ་ཉོ་བ། རྩྭ་ར་བོགས་མར་ལེན་པར་སྤྱད་པ་ཡིན”ཞེས་སྐར་མ་འགྱུར་མེད་ཀྱིས་བཤད།

    སྐར་མ་འགྱུར་མེད་ཀྱི་ཁྱིམ་ནས་ཐོན་རྗེས་སྐར་མ་བཀྲ་ཤིས་དང་བཅས་པ་རི་ཕར་ཕྱོགས་སུ་ཡོད་པའི་འབྲོག་ཁྱིམ་དུ་འབྲི་གཡག་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་བསྐྱོད། འདི་གར་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེ་བ་དང་། ལམ་བར་དུ་རི་ལུང་མང་པོ་བརྒལ་དགོས་པ། དྲག་ཆར་རླུང་འཚུབ་དུས་ངེས་མེད་དུ་ལྡང་བའི་ཁར་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པས་ལས་ཀའི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་སྨོས་མེད་རེད།

    ཉིན་གུང་ལ་སླེབས་སྐབས་ཚང་མས་རྟ་འཁྲིས་སུ་ཉར་ནས་ན་ཁའི་ཐོག་བསྡད་དེ་སྤགས་བཟས། འདི་ལོ་ལོ་32ལ་སླེབས་པའི་སྐར་མ་བཀྲ་ཤིས་ཀྱི་དམར་སྨུག་གི་ངོ་གདོང་ལས་ལྷད་མེད་ཀྱི་འཛུམ་ཆུང་ཞིག་མངོན། ཁོང་གིས་རང་ཉིད་ཀྱི་མཆུ་ཏོ་སྨུག་པོ་དེ་བསྟན་ནས“འདི་གར་ཡུན་རིང་བསྡད་ན་འདི་ལྟར་ཆགས་སྲིད། དཀའ་ལས་ཁག་ཙམ་འདུག ཡིན་ནའང་འབྲོག་པ་ཚོས་ང་ཚོ་གཉེན་ཉེ་ལྟ་བུར་བརྩིས་ནས་ང་ཚོར་དགའ་བསུ་ཆེན་པོ་ཞུ་གི་ཡོད། རྟག་ཏུ་ཁོང་ཚོའི་མ་དངུལ་གྱི་དགོས་མཁོ་ཐག་གཅོད་བྱས་རྗེས་ང་ཚོར་དཀར་གཙང་ཁ་བཏགས་གཡོགས་ནས་བཀྲ་ཤིས་སྨོན་འདུན་ཞུ་བའི་སྐབས་སུ། ངའི་བསམ་པར་ལས་ཀ་འདི་ནི་དོན་སྙིང་ལྡན་པ་ཞིག་རེད་སྙམ་གྱི་འདུག”ཅེས་བཤད།

    ད་ཆ་ཆུ་དམར་ལེབ་རྫོང་གྲོང་གསེབ་ཚོང་ལས་དངུལ་ཁང་དུ་ལས་མི་17ཡོད། ལས་མི་ཉུང་བས་ཁོང་ཚོས་ལོ་གསུམ་གྱི་གོང་རིམ་གཉིས་མཉམ་འགུལ་ལས་དོན་བྱ་ཐབས་ཁྱབ་གདལ་བཏང་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་19ཡོངས་ལ་རིམ་གཉིས་མཉམ་འགུལ་གཞུང་ལས་ཁང་བཙུགས་ཏེ། གྲོང་ཚོའི་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་མཉམ་ལས་བྱས་ཏེ་ཞིང་ཕན་ཞབས་ཞུའི་ས་ཚིགས་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། གྲངས་ཉུང་དངུལ་བཅོལ་ལེན་གྱི་ལས་སྒོ་སྤྱིར་གཉེར་ཐུབ་ཀྱི་ཡོད། གཞན་ཡང་ཁོང་ཚོས་ད་དུང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་གདན་དྲངས་ནས་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་ཀྱི་འབྲེལ་གཏུག་མི་སྣའི་འགན་འཁུར་བ་མ་ཟད། ཡིད་རྟོན་དཔྱད་བསྡུར་གཏན་འབེབས་ཚོགས་ཆུང་བཙུགས་ནས་འབྲོག་ཁྱིམ་གྱི་རྒྱུ་ནོར་དང་། ཡོང་འབབ། གྲོང་ཚོའི་ནང་གི་ཡིད་རྟོན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་ཏེ་གྲོང་མིའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་སྔར་བས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། 

    (སྦྲེལ་མཐུད)

    རྒྱལ་ཡོངས་ཀྱི་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་13ལྷག་ཙམ་ཟིན་པ།

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་གྲོང་གསེབ་ཚོང་ལས་དངུལ་ཁང་གི་ཀུན་ཕན་དངུལ་རྩ་པུའུ་ཡི་འགན་འཁུར་བ་བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཡུལ་ཤུལ་ཀྲོའུ་གྲོང་གསེབ་ཚོང་ལས་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན། གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ལ་དངུལ་བུན་སྒོར་དུང་ཕྱུར་9.93བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་དུ་ཞིང་ཕན་དངུལ་རྩའི་ཞབས་ཞུའི་ས་ཚིགས་7704བཙུགས་པས་སྲིད་འཛིན་གྲོང་ཚོར་གཞི་རྩའི་ཆ་ནས་དངུལ་རྩའི་ཞབས་ཞུ་ཁྱབ་པ་དང་ཁྱབ་ཚད་2016ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་25.96འཕར་ཡོད།

    དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀུན་ཕན་དངུལ་རྩ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་དངུལ་རྩའི་ཞབས་ཞུའི“ཞིང་གསུམ”ཁྱབ་ཁོངས་ཀྱི་གནས་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཞིང་འབྲེལ་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་ཅུང་མགྱོགས་པོ་འཕར་བ། ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར། རྒྱལ་ཡོངས་ཀྱི་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་13.69ཟིན་པ་དེ་དུས་མཚུངས་ལས་19.43%འཕར་ནས་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་10.26ལྷག་ཙམ་ཟིན་ཡོད། འདི་ལོའི་དུས་ཚིགས་དང་པོར་གསར་དུ་སྤྲད་པའི་ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་5.0%ཆག་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.56ཆག་ཡོད།

    གོམ་སྟབས་རྗེས་མར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ལྟ་སྐུལ་དོ་དམ་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ“ཞིང་གསུམ”ཁྱབ་ཁོངས་ཀྱི་དངུལ་བུན་བསྡོམས་འབོར་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏོང་བ་དང་། ཡིད་རྟོན་དངུལ་བུན་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་གྱི་བསྡུར་ཚད་མཐོ་རུ་བཏང་སྟེ“ཞིང་གསུམ”ཡིད་རྟོན་དངུལ་བུན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། དུས་མཚུངས་སུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་དམིགས་ནས“ཁྱབ་ཁོངས་རྒྱ་སྐྱེད་དང་། ཐོན་རྫས་མང་དུ་གཏོང་བ། ཚད་གཞི་མཐོ་རུ་གཏོང་བ”བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།“ཞིང་གསུམ”གྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།