བོད་ལྗོངས་གནམ་དཔྱད་རིག་པ་ལྷན་ཚོགས་ཀྱི་ས་མཐོའི་རྩིག་རྨང་གནམ་དཔྱད་རིག་པ་འཕེལ་རྒྱས་ཀྱི་གྲལ་སྒོར་ཚོགས་འདུ་འཚོགས་པ།
ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་གནམ་དཔྱད་རིག་པ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ས་མཐོའི་རྩིག་རྨང་གནམ་དཔྱད་རིག་པ་འཕེལ་རྒྱས་ཀྱི་གྲལ་སྒོར་ཚོགས་འདུ”བོད་ལྗོངས་སློབ་ཆེན་དུ་བདེ་བླག་ངང་འཚོགས་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་ཐོག་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་དང་། ཙེ་ཅིན་ཧྲན་གནམ་དཔྱད་ལས་ཁུངས། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན། ཞ་མོན་སློབ་ཆེན། ཝུའུ་ཧན་སློབ་ཆེན་སོགས་ལྗོངས་ཕྱིའི་མཐོ་སློབ་དང་ཚན་ཞིབ་ཁང་18ཀྱི་རིགས་གཅིག་མཁས་ཅན་20ལྷག་ཙམ་གདན་དྲངས་པ་དང་། ལྗོངས་ནང་ཁུལ་གྱི་བོད་ལྗོངས་སློབ་ཆེན་དང་། བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་། བོད་ལྗོངས་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་ཚན་པའི་རིགས་གཅིག་མཁས་ཅན་དང་དགེ་སློབ་དང་གནམ་དཔྱད་རིག་པ་ཚོགས་པའི་ཚོགས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་རིག་གཞུང་སྙན་ཞུའི་ཚོགས་འདུ་འགོ་ཚུགས་པ་རེད། གནམ་དཔྱད་རིག་པ་དང་འབྲེལ་བ་ཡོད་པའི་རིགས་གཅིག་མཁས་ཅན་གྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས། ཚོགས་འདུར་ཞུགས་མཁན་ཚོར་སི་ཐེན་ལས་གྲྭ་དང་། བོད་ཀྱི་སྨི་2ཀྱི་འོད་ནུས་དམར་ཕྱིའི་རྒྱང་ཤེལ་མཉམ་ལས་འཆར་གཞི། བོད་ཀྱི་གློག་རླབས་གནམ་དཔྱད་རིག་པ་འཕེལ་རྒྱས་ཀྱི་འབྱུང་འགྱུར། འཛམ་གླིང་ཡང་རྩེར་ཐོག་མའི་འགུག་རླབས་འཚོལ་ཞིབ་སོགས་འབྲེལ་ཡོད་ནང་དོན་འགྲེལ་བཤད་བརྒྱབ་པ་རེད། ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོས་ཇི་ལྟར་བྱས་ནས་ས་མཐོའི་རྩིག་རྨང་ལྟ་ཞིབ་ཚད་ལེན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་གི་གནམ་དཔྱད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།