རྒྱུད་སྐུད་ལས་ཐོན་པའི་སྙན་འཇེབས་འགྱུར་ཁུག
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཧྥུའུ་ཅན་སྤྱི་གླིང་གི་གཙང་འགྲམ་དུ་བུ་ཉི་མ་དང་དགེ་ཕྲུག་བློ་བཟང་གཉིས་ཀྱིས་བློ་བདེ་བག་ཕེབས་ངང་སྒྲ་སྙན་དཀྲོལ་བཞིན་འདུག ལོ་61ལ་སླེབས་པའི་བུ་ཉི་མ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་སྒྲ་སྙན་གྱི་རྒྱུན་འཛིན་པ་རེད། བུ་ཉི་མས་རྒྱུད་སྐུད་དལ་བུར་དྲད་ནས་རྣ་བར་འཇེབས་པའི་སྒྲ་སྙན་དཀྲོལ་བ་དང་བསྟུན་ནས་བློ་བཟང་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་གྱིན་དུ་དགེ་རྒན་གྱི་སོར་མོའི་འདེགས་འཇོག་གི་སྒྱུ་རྩལ་སྦྱོང་བཞིན་མཆིས།
ཅང་མ་འགོར་བར་བུ་ཉི་མས་སྒྲ་སྙན་དཀྲོལ་མཚམས་བཞག་པ་དང་དེ་མུར་བློ་བཟང་གིས་སྒྲ་སྙན་དཀྲོལ་འགོ་བཙུགས། “གདངས་འདི་དཀྲོལ་སྐབས་མཛུབ་མོ་འདི་ཕྱོགས་སུ་འཇོག་དགོས”ཞེས་བུ་ཉི་མས་ངང་རྒྱུད་རིང་པོས་བློ་བཟང་ལ་སྒྲ་གདངས་མི་འདྲ་བར་མཛུབ་མོ་ཇི་ལྟར་འཇོག་དགོས་མིན་སློབ་པ་རེད། དགེ་རྒན་དང་དགེ་ཕྲུག་གཉིས་པོས་དཀྲོལ་བའི་རོལ་ཆ་དེ་རིགས་ལ་སྒྲ་སྙན་ཟེར་ཞིང་། སྒྲ་ཤིན་ཏུ་སྙན་ཞིང་འཇེབས་པས་མིང་དེ་ལྟར་ཐོགས་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དཀྲོལ་གཏོང་རོལ་ཆ་ཞིག་ཡིན། 2014ལོར་སྒྲ་སྙན་བཟོ་བའི་ལག་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཀྱི་མིང་གཞུང་ཁག་བཞི་པའི་ནང་ཚུད་པ་རེད།
ལོ་40ལྷག་ཙམ་གོང་། ལོ་16ལ་སླེབས་པའི་བུ་ཉི་མ་ཉིང་ཁྲིའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁོངས་མི་ཞིག་ཏུ་གྱུར་ནས་སྒྲ་སྙན་སྦྱོང་འགོ་ཚུགས།
ལོ་མང་རིང་ཁོང་གིས་བློ་གཅིག་སེམས་གཅིག་གིས་འཁྲབ་སྟོན་བྱེད་ཞོར་སྒྲ་སྙན་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས། ཀོང་པོའི་སྒྲ་སྙན་གཏོང་སྐབས་སྒྲ་སྙན་དཀྲོལ་ཞོར་གཞས་གཏོང་དགོས་པ་དང་། ཐ་ན་སྐབས་རེ་མཉམ་དུ་ཞབས་བྲོ་ཡང་འཁྲབ་དགོས་ཀྱི་ཡོད། ཉིང་ཁྲིར་བཀྲ་ཤིས་དུས་སྟོན་གྱི་ཉིན་མོ་འཆར་རིམ་བཞིན་མི་རྣམས་ཀྱིས་རང་ཁྱིམ་གྱི་སྒྲ་སྙན་བླངས་ནས་ཀོང་པོའི་དམངས་གཞས་སྣ་ཚོགས་དཀྲོལ་གཏོང་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། “སྒྲ་སྙན་དཀྲོལ་ནས་ཀོང་པོའི་དམངས་གཞས་བཏང་ན་ཉམས་འགྱུར་དམིགས་བསལ་ཞིག་འདུག”ཅེས་བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་མི་ཟླ་བ་མཆོག་གིས་བཤད་པ་དང་། རྣམ་ཀུན་ཁོང་ལ་ཁོམ་པ་བྱུང་ཚེ་རང་ཁྱིམ་གྱི་སྒོ་རའི་ནང་སྒྲ་སྙན་དཀྲོལ་རྒྱུར་དགའ་པོ་ཡོད།
“སྒྲ་སྙན་ནི་མི་རྣམས་ཀྱིས་ངལ་རྩོལ་ཁྲོད་གསར་གཏོད་བྱས་པའི་ཡིད་སེམས་གསོ་བའི་མཆོག་ནོར་ཞིག་ཡིན་པས། ངེས་པར་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས”ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དུས་ཐུང་གི་ཡུལ་སྐོར་རིང་ནང་དོན་མང་པོར་མྱོང་རོལ་ཐུབ་ཆེད། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་རོལ་ཞོར་རིག་གནས་སྣ་ཚོགས་ཉམས་ལེན་ཐུབ་པར་བྱས་ཡོད། “དཔེར་ན། ཉིང་ཁྲི་གྲོང་ཁྱེར་གྱིས་སྒྲ་སྙན་སྲུང་སྐྱོང་རྒྱུན་འཛིན་དང་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་བྱས་པ་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་ལ་ཡུལ་སྐོར་གྱི་གཤོག་ཟུང་བསྒར་ནས་ནུས་པ་ཆེན་པོ་ཐོན་པར་སྐུལ་མ་ཐེབས་ཡོད”ཅེས་བཤད།
བུ་ཉི་མའི་དགེ་ཕྲུག་མི་ཉུང་བ་ཞིག་གིས་མཛེས་ལྗོངས་ཁུལ་དུ་སྒྲ་སྙན་དཀྲོལ་གཏོང་བྱེད་པ་དེ་ད་ལྟ་ཉིང་ཁྲིའི་མཛེས་ལྗོངས་ཁུལ་ཁག་གིས་ཀོང་པོའི་རིག་གནས་མངོན་པར་བྱེད་པའི་དམིགས་བསལ་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། “ཉིང་ཁྲིར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་བྱེད་སྒོ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་སྒྲ་སྙན་གྱི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཐོས་ཐུབ”བཀྲ་ཤིས་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོའི་དམངས་སྲོལ་གནས་ཚང་ཁག་གཅིག་གིས་དགོང་མོར་རིག་རྩལ་ལེ་ཚན་འཁྲབ་སྟོན་དང་སྲོལ་རྒྱུན་གྱི་སྒོར་གཞས་འཁྲབ་པ་ཕུད། ད་དུང་སྒྲ་སྙན་དཀྲོལ་ནས་ཀོང་པོའི་དམངས་གཞས་བླངས་པར་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
“ད་ཆ་ཚང་མའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། སྒྲ་སྙན་ལ་མཚོན་ན་ཡང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བརྒྱུད་རིམ་ནང་དེའི་རིན་ཐང་སྔར་བས་ཆེན་པོ་མངོན་གྱི་ཡོད་པས། འབྱུང་འགྱུར་སྒྲ་སྙན་རྒྱུན་འཛིན་དང་གོང་འཕེལ་ཐད་ང་ལ་གདེང་ཚོད་ཆེན་པོ་ཡོད”ཅེས་བུ་ཉི་མས་བཤད།