དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་སྡེ་ཁུལ་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་གཏོང་འགོ་ཚུགས་པ།

    མང་ཚོགས་འགྲུལ་བཞུད་དེ་བས་སྟབས་བདེ་རུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-17

     ཟླ་6ཚེས་14ཉིན་གྱི་ཆུ་ཚོད་6དང་སྐར་མ་40ལ་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་བཏང་བའི་ཁག་དང་པོའི་སྡེ་ཁུལ་ཐག་ཐུང་སྤྱི་སྤྱོད་རླངས་འཁོར་14ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཐོན་ཚུགས་ནས་མཐའ་ཚུགས་བར་བཏང་བ་དེ་ཐོག་ནས་ལྷ་སའི་སྡེ་ཁུལ་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་དངོས་སུ་གཏོང་འགོ་ཚུགས་པ་མཚོན་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཉེ་འགྲམ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལྟེ་བའི་བབས་ཚུགས་ཆུང་གྲས་སུ་སླེབས་སྐབས་གསར་འགོད་པས་སྡེ་ཁུལ་སྤྱི་སྤྱོད་རླངས་འཁོར་3ལྟེ་བའི་བབས་ཚུགས་སུ་གྲལ་སྒྲིག་པོས་རྡོག་ཐོན་བྱེད་རྩིས་ཡོད་པ་མཐོང་བྱུང་། ཁ་ལོ་བ་བུ་ཉི་མས་ང་རང་སྤྱི་སྤྱོད་རླངས་འཁོར་བཏང་ནས་ལོ་10ཙམ་ཕྱིན་སོང་། འོན་ཀྱང་དེ་རིང་ཐག་ཐུང་སྤྱི་སྤྱོད་རླངས་འཁོར་དེ་རིགས་གཏོང་ཐེངས་དང་པོ་ཡིན་པས་ཚོར་སྣང་མི་འདྲ་བ་ཞིག་འདུག་ཅེས་བཤད།

    ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས་སྡེ་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་14བཏང་བ་དང་། དེའི་ཁྲོད་ཀྱི་7ནི་WO3ལམ་ཐིག་ཡིན་པ་དང་གཙོ་བོ་ལྷ་ཞབས་གླིང་ཕྲན་གྱི་ས་ཁོངས་སུ་ཁྱབ་ཡོད་པ་དང་། དེ་མིན་7ནི་WO1ལམ་ཐིག་ཡིན་པ་དང་གཙོ་བོ་ཀརྨ་དགོན་གསར་གྱི་ས་ཁོངས་སུ་ཁྱབ་ཡོད། WO1ལམ་ཐིག་གི་སྡེ་ཁུལ་སྤྱི་སྤྱོད་རླངས་འཁོར་གྱིས་སྡེ་ཁུལ་དང་། སྨན་ཁང་། སྤྱི་གླིང་། གཙུག་ལག་ཁང་། ར་མོ་ཆེ་སོགས་གྲོང་ཁུལ་གྱི་མཛེས་ལྗོངས་ཁུལ་སྦྲེལ་ནས་གྲོང་མི་རྣམས་ཕྱིར་སྐྱོད་སྟབས་བདེ་ཡོང་བར་བྱས་ཡོད། “WO1ལམ་ཐིག་ལ་བབས་ཚུགས་18ཡོད་པ་དང་སྤྱི་ལེ་9ཙམ་ཡོད། ཐོན་ཚུགས་ནི་མཐའ་ཚུགས་ཀྱང་ཡིན་པ་དང་སྡེ་ཁུལ་བསྐོར་བས་གྲོང་མི་མང་ཚོགས་ཕྱིར་སྐྱོད་སྟབས་བདེ་པོ་ཡོད”ཅེས་WO1ལམ་ཐིག་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བློ་བཟང་བསྟན་འཛིན་གྱིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། འཁོར་རྒྱུག་ཆུང་ངུའི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་གི་ཁྱད་ཆོས་ནི་ལམ་ཐག་ཐུང་བ་དང་། གཏོང་ཐེངས་མང་བ། མྱུར་ཚད་མགྱོགས་པ་བཅས་ཡིན་པས་ཁྲོམ་གཞུང་ཆུང་གྲས་དང་ལམ་ཐག་ཐུང་བའི་འགྲོ་སྐྱོད་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད། སྡེ་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་དངོས་སུ་གཏོང་འགོ་ཚུགས་རྗེས་ཉིན་ལྟར་ཞོགས་པའི་ཆུ་ཚོད་6དང་སྐར་མ་40ཡི་ཐོག་རླངས་འཁོར་གཏོང་བ་དང་རླངས་འཁོར་རེས་ཉིན་ལྟར་སྐོར་ཐེངས་12རྒྱག་གི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་སྡེ་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་གཉེར་སྐྱོང་གི་ལམ་ཐིག་གཤམ་གསལ་ཏེ།

    WO1ལམ་ཐིག་དེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཐོན་ཚུགས་དང་མཐའ་ཚུགས→འཁོར་རྒྱུག་ཆུང་ངུ་།

    གྲོང་ཁྱེར་མི་དམངས་སྨན་ཁང་གི་ཐོན་ཚུགས་དང་མཐའ་ཚུགས→ཁྲོམ་གཟིགས་སྒང་བབས་ཚུགས→ཚེ་སྨོན་གླིང་བབས་ཚུགས→སུའོ་གཉིས་པའི་བབས་ཚུགས→དམངས་སྤྱོད་མཁའ་འགྲུལ་ཅུས་བབས་ཚུགས→ཧྥུ་ཁང་སྨན་ཁང་བབས་ཚུགས→ར་མོ་ཆེ་བབས་ཚུགས→གནམ་གཤིས་ལས་ཁུངས་བབས་ཚུགས→ར་མོ་ཆེ་ཁུལ་ཆུང་བབས་ཚུགས→ལྗོངས་ས་ངོས་སྲུང་སྐར་བསྡུ་ལེན་ས་ཚིགས་བབས་ཚུགས→རྔ་ཆེན་དཀྱིལ་ལམ་བབས་ཚུགས→ཀོང་ཧྲེང་སྨན་ཁང་བབས་ཚུགས→ཀརྨ་དགོན་གསར་ཤར་དུམ་བུའི་བབས་ཚུགས→ཀརྨ་དགོན་གསར་དཀྱིལ་ལམ་བབས་ཚུགས→ཀརྨ་དགོན་གསར་གཅིག་གྱུར་འཛུགས་སྐྲུན་ཁུལ་ཆུང་བབས་ཚུགས→ཀརྨ་དགོན་གསར་ལམ་ནུབ་དུམ་བུའི་བབས་ཚུགས→ཁྲེང་ཀོན་ཆུས་བཟོ་ཚོང་ཅུས་བབས་ཚུགས→གྲོང་ཁྱེར་མི་དམངས་སྨན་ཁང་གི་ཐོན་ཚུགས་དང་མཐའ་ཚུགས་བཅས་ཡིན།

    WO3ལམ་ཐིག་གི་ལྷ་ཞབས་གླིང་ཕྲན་གྱི་ཐོན་ཚུགས་དང་མཐའ་ཚུགས→འཁོར་རྒྱུག་ཆུང་ངུ་།

    ལྷ་ཞབས་གླིང་ཕྲན་མཐའ་ཚུགས→ལྷ་ཞབས་གླིང་ཕྲན་སྐྱེ་ཁམས་ཁུལ་ཆུང་བབས་ཚུགས→ཤིང་ཡེ་དངུལ་ཁང་བབས་ཚུགས→ཧྲེང་མ་ཐང་ཆེན་བབས་ཚུགས→ལྷ་སའི་བརྒྱ་ཟོག་ཚོང་ཁང་བབས་ཚུགས→མཆོད་རྟེན་དཀར་པོའི་བབས་ཚུགས→ལྷ་ས་སློབ་འབྲིང་བབས་ཚུགས→ཀླུ་ཁང་བྱང་སྒོའི་བབས་ཚུགས→དམངས་སྤྱོད་མཁའ་འགྲུལ་ཅུས་བབས་ཚུགས→ལྷ་ས་བརྒྱ་ཟོག་ཚོང་ཁང་བབས་ཚུགས→ཤིང་ཡེ་དངུལ་ཁང་བབས་ཚུགས→ལྷ་ཞབས་གླིང་ཕྲན་སྐྱེ་ཁམས་ཁུལ་ཆུང་བབས་ཚུགས→ལྷ་ཞབས་གླིང་ཕྲན་མཐའ་ཚུགས་བཅས་སོ། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།