“ཨ་ཀྲུང་འབྲེལ་བ་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་བའི་ཡིད་ཆེས་ཡོད”
—— ཨ་རབ་གྲོས་ཚོགས་ཀྱི་གྲོས་དཔོན་ཨོའུ་ཧྲུའུ་སྨི་ལ་བཅར་འདྲི་བྱས་པ།
“འདི་ལོ་ནི་ཨ་ཀྲུང་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཨ་ཀྲུང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པ་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཉིན་ཤས་གོང་ཨ་རབ་གྲོས་ཚོགས་ཀྱི་གྲོས་དཔོན་ཨོའུ་ཧྲུའུ་སྨི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཨ་ཀྲུང་མཉམ་ལས་གླེང་སྟེགས་ཀྱིས་ཨ་ཀྲུང་གི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་དང་མཉམ་ལས་གཉིས་ཁེར་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་ནུས་པ་བཏོན་ཡོད། “སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཐོབ་པའི་གྲུབ་འབྲས་ལས་ཨ་ཀྲུང་གི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ནས་ཨ་ཀྲུང་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་རྒྱུ་རེད”ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་ཨའི་འགོ་ཁྲིད་པའི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་ཨའི་འབྲེལ་བར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ནས་ཕྱོགས་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨོའུ་ཧྲུའུ་སྨི་ཡིས་ཀྲུང་གོས་རང་ངོས་འཕེལ་རྒྱས་མགྱོགས་པོ་བཏང་བ་དང་ཆབས་ཅིག རྒྱལ་ཁབ་གཞན་དག་དབར་ཉམས་མྱོང་དང་གོ་སྐབས་མཉམ་སྤྱོད་ཧུར་ཐག་བྱས་ནས། ཨ་རབ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ་ཨ་ཀྲུང་མཛའ་གྲོགས་ཀྱི་རྨང་གཞིའང་སྔར་བས་བརྟན་དུ་བཏང་ཡོད་ཅེས་བརྗོད་པ་རེད།
མིག་སྔར་ཀྲུང་གོ་འདི་ཉིད་ཨ་རབ་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོར་གྱུར་ཡོད་ཅིང་། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱི་ཐད་ཀའི་མ་འཇོག་གསོག་འབོར་ཨ་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་མཉམ་ལས་རྣམ་གྲངས་ཆེ་གྲས་200ལྷག་ཙམ་ལག་ལེན་བསྟར་ཡོད། ཨོའུ་ཧྲུའུ་སྨི་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་མཉམ་སྐྲུན་རྒྱལ་ཁབ་ལ་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་ཐོབ་ནས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་ཤིག་ཀྱང་བཏོད་ཡོད། ཨ་རབ་གྲོས་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཨ་རབ་རྒྱལ་ཁབ་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་དེ་བས་མང་པོ་ཨ་རབ་རྒྱལ་ཁབ་ཏུ་གཉེར་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
ཨོའུ་ཧྲུའུ་སྨི་ཡིས“ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”ནས“མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ”ཡི་བར་མིག་སྔར་ཨ་ཀྲུང་གིས་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱེད་བཞིན་ཡོད་ཅེས་དང “ཨ་ཀྲུང་འབྲེལ་བ་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་བའི་ཡིད་ཆེས་ཡོད། ཕྱོགས་གཉིས་པོས་མིས་བཟོས་རིག་ནུས་དང་ནུས་རྒྱུ་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་རྒྱ་ཁྱབ་དང་གཏིང་ཟབ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཨོའུ་ཧྲུའུ་སྨི་ཡིས་ཨ་ཀྲུང་ཕྱོགས་གཉིས་པོས་ཨ་ཀྲུང་མཉམ་ལས་གླེང་སྟེགས་དང་། འབོ་གསེར་རྒྱལ་ཁབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་སྒྲོམ་གཞིའི་འོག འབྲེལ་གཏུག་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་མང་རིང་ལུགས་དངོས་སུ་ལག་ལེན་བསྟར་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།