“མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ”
“ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག ཀྲུང་གོ་མི་དམངས་མི་རིགས་བསྐྱར་དར་གྱི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད”། ལོ་བཅུ་ཕྲག་རིང་། ཀྲུང་གོར་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་གྲུབ་འབྲས་མངོན་ཡོད་ཅེས་ཅོར་ཏན་ཧོའུ་སའེ་དབྱིན·པུན·ཐཱ་ལཱ་ལེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧཱ་སང·ཏཱ་ཅཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།
ཧཱ་སང·ཏཱ་ཅཱ་ཡིས་དུས་ཡུན་རིང་པོར་ཆབ་སྲིད་ཚན་རིག་དང་འཐབ་ཇུས་ཞིབ་འཇུག་གི་ལས་ཀ་བྱས་ཡོད་ལ་ཀྲུང་གོར་འཚམས་འདྲི་ཡང་ཐེངས་མང་བྱེད་མྱོང་ཡོད། ཁོང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་ལམ་ལྷོངས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྣང་ཆེན་བྱས་པས་རེད། ཀྲུང་གོས་འཕེལ་རྒྱས་ཁྲོད“མི་དམངས་གོང་དུ་བཀུར་བ”མཐའ་འཁྱོངས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་བསམ་འཆར་ནན་ཏན་ཉན་པ། དམངས་འདོད་ཧུར་ཐག་སྐོང་བ། མི་དམངས་ལ་བདེ་རྩ་སྐྲུན་པ་བཅས་བྱས་པས་རྒྱ་ཆེའི་མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པའི་ངོས་འཛིན་བྱས་པ་རེད།
ཧཱ་སང·ཏཱ་ཅཱ་ཡིས། སྒྱུར་བཅོས་སྒོ་དབྱེ་ཚུན་དུ། ཀྲུང་གོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་པས། ཀྲུང་གོ་མི་དམངས་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་ལམ་བུར་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད། “རང་ངོས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཆབས་ཅིག ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་བསྣན་ནས་གྲོས་འགོ་དང་ལྟ་ཚུལ་རབ་དང་རིམ་པ་བཏོན་ཡོད”ཅེས་བརྗོད་པ་རེད།
ཧཱ་སང·ཏཱ་ཅཱ་ཡིས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་དམིགས་ཡུལ་ནི་འགྲིམ་འགྲུལ་དྲ་བ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་འཕེལ་རྒྱས་བརྒྱུད། མཉམ་སྐྲུན་རྒྱལ་ཁབ་ཁག་དབར་གྱི་ཚོང་དོན་དང་། མ་འཇོག རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་བཏང་སྟེ། དགའ་བསུ་རྒྱ་ཁྱབ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་བྱ་རྒྱུ་དེ་རེད། ཨ་རབ་ཀྱི་རྒྱལ་ཁབ་22ཚང་མ་དང་ཨ་རབ་མནའ་འབྲེལ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་བཞག་པས། ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་ཕྱིན་ནས་གོ་སྐབས་དམ་འཛིན་གྱིས་ཐུན་མོང་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཧཱ་སང·ཏཱ་ཅཱ་ཡིས། ན་ནིང་ཟླ་གསུམ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་གནང་ནས་ཐུན་མོང་ཐོག་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་དར་སྤེལ་གཏོང་དགོས་ཞེས་གསུངས་ཡོད། “གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ནང་དུ་ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོ་ལྡན་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ཐད་ཀྱི་ཀྲུང་གོའི་བསམ་གཞིག་ཟབ་མོ་ཡང་མཚོན་ཡོད་པས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད”ཅེས་བརྗོད་པ་རེད།
ཧཱ་སང·ཏཱ་ཅཱ་ཡིས། ཤེས་དཔལ་སྣ་མང་རང་བཞིན་ནི་འཛམ་གླིང་གི་རྩ་བའི་ཁྱད་ཆོས་ཡིན་ལ། མིའི་རིགས་ཡར་ཐོན་གྱི་འབྱུང་ཁུངས་ཡང་ཡིན། ཤེས་དཔལ་མི་འདྲ་བའི་དབར་གྱི་གླེང་མོལ་ལས་སྤྱི་ཚོགས་མི་འདྲ་བའི་དབར་གྱི་བསམ་བློ་དང་། ཤེས་བྱ། ཉམས་མྱོང་བཅས་སྤེལ་རེས་ལ་སྐུལ་འདེད་ཐེབས་པ་དང་ཆབས་ཅིག ཕན་ཚུན་གྱི་རིན་ཐང་ལྟ་བ་དང་རིག་གནས་ལ་རྒྱུས་མངའ་ལོན་ཚད་སྔར་བས་གཏིང་ཟབ་བྱུང་སྟེ། ཞི་བདེ་དང་དྲང་གཞག་ངང་མི་མཐུན་ས་དང་མི་འདྲ་ས་ཐག་གཅོད་ཐུབ་པར་ཕན་ཐོགས་ཡོད། ཁོང་གིས“གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ནང་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་བྱ་རྒྱུ་དར་སྤེལ་གཏོང་དགོས་ལུགས་བཏོན་པ་འདིས་ཤེས་དཔལ་མི་འདྲ་བས་ཕན་ཚུན་དབར་གྱི་ཁྱད་པར་ཁས་ལེན་དང་དང་ལེན་བྱེད་དགོས་པ་མཚོན་ཡོད་པས། འདི་ལས་སྣ་མང་འཛམ་གླིང་ནང་ཕན་ཚུན་བསྟུན་མཁས་དང་བསམ་ཤེས་བྱེད་པར་སྐུལ་འདེད་ཐེབས་ཏེ། བསམ་བློ་དང་ངོས་འཛིན་ཐོག་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་འབུལ་རྒྱུར་ཕན་པ་ཡོད”ཅེས་བརྗོད་པ་རེད།