དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུན་ནན་བདེ་ཆེན་གྱི་རྒྱལ་ཐང་གྲོང་རྡལ་དུ་གྲོང་པ་ཁྱིམ་མཚེས་འཆམ་ཞིང་མཐུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཀྲང་ཁྲེ།   |     སྤེལ་དུས།  2024-06-16

    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་ནི་རྡོ་མཁར་རྫོང་གནའ་གྲོང་དུ་གནས། འདི་གར་རྒྱུན་སྡོད་གྲོང་མི་དུད་ཚང་988ཡོད་པའི་ནང་རྒྱ་རིགས་དང་། བོད་རིགས། འཇང་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས་7ཡོད། ཅིན་ལུང་སྡེ་ཁུལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཡུང་ཤིང་གིས། ལོ་རྒྱུས་ཐོག་འདི་ག་ནི་ཇ་རྟའི་ཚོང་འགྲུལ་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་རེད། ལོ་ཟླའི་འཕེལ་རིམ་ཁྲོད་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རྣམས་འདི་གར་འཛོམས་ཤིང་འཚོ་བའི་གོམས་གཤིས་དང་རིག་གནས། སྲོལ་རྒྱུན་བཅས་ཕན་ཚུན་སྤེལ་རེས་དང་མཉམ་འདྲེས་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    ཅིན་ལུང་སྡེ་ཁུལ་དུ་མི་རིགས་མང་པོ་མཉམ་དུ་འདུས་པའི་ཁྱིམ་ཚང་གིས་75%བཟུང་ཞིང་། ད་ལོ་ལོ་97ལ་སླེབས་པའི་རྒྱ་རིགས་རྒད་པོ་ཡེ་ཏེ་ཞང་གི་མི་རབས་བཞིའི་ནང་མི་26གི་ཁྲོད་དུ་མི་རིགས་མི་འདྲ་བ་4ཡོད་པ་རེད། རྒད་པོ་ཡེ་ཏེ་ཞང་གི་ཚ་མོ་ཡེ་ཡུང་ཀྲེན་གྱིས་ནང་མི་མང་པོ་ཡོད་ཀྱང་ཧ་ཅང་འཆམ་པོ་ཡོད་ཅེས་བཤད།

    “དཔེར་བཞག་ན། བཟའ་བཏུང་གི་ཐད་སྤོ་ལགས་མ་གཞི་རྒྱ་རིགས་ཡིན་ནའང་རྩམ་པ་ཟ་རྒྱུར་གོམས་པ་མ་ཚད། ཕྱུར་བ་བླུགས་པའི་ཇ་སྲུབ་མའང་འཐུང་གི་ཡོད། ཁྱིམ་དུ་ཚལ་དང་ཤ་མོག་བཟོ་ཡི་ཡོད་ལ་སྐབས་རེ་ཟ་ཁང་དུ་སི་ཁྲོན་གྱི་ཚལ་ཡང་ཟ་བར་འགྲོ་ཡི་ཡོད། འཚོ་བའི་ནང་འཆམ་མཐུན་ཡོང་བར་ཕན་ཚུན་བརྩི་འཇོག་དང་བསྟུན་མཁས་བྱེད་དགོས་ངེས་རེད། ནང་མི་ཚང་མ་མཉམ་དུ་འཚོ་བ་སྐྱེལ་བས་བཟའ་བཏུང་གི་གོམས་གཤིས་ཀྱང་འདྲ་རུ་འགྲོ་ཡི་འདུག”ཅེས་ཡེ་ཡུང་ཀྲེན་གྱིས་ངོ་སྤྲོད་བྱས།

    འཚོ་བ་ཙམ་མ་ཟད། དུས་ཡུན་རིང་པོའི་ནང་ཁོར་ཡུག་དབང་གིས་སྡེ་ཁུལ་གྱི་མི་རིགས་མི་འདྲ་བའི་དབར་གྱི་འགྲོ་འོང་དང་སྤེལ་རེས་ལའང་སྐུལ་འདེད་ཐེབས་ནས་མི་རིགས་ཁག་གི་རིག་གནས་མཉམ་འདྲེས་དེ་བས་ཟབ་ཏུ་སོང་ཡོད།

    སྡེ་ཁུལ་གྱི་གྲོང་མིས་མཉམ་དུ་སྲོལ་རྒྱུན་གྱི་དུས་ཆེན་བཏང་ནས་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་ནི་ཅིན་ལུང་སྡེ་ཁུལ་གྱི་སྲོལ་རྒྱུན་དུ་གྱུར་ཡོད། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་འཆར་རིམ་བཞིན། གནའ་གྲོང་གི་ཟླ་འོད་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། སྡེ་ཁུལ་གྱི་སྒྲིག་འཛུགས་འོག་སེང་བྲོ་རུ་ཁག་དང་མི་རིགས་ཁག་གི་ཞབས་བྲོ་རུ་ཁག་གི་ལྟད་མོ་ཆེ་བའི་ལེ་ཚན་རེས་མོས་ཀྱིས་འཁྲབ་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། རྡོ་མཁར་རྫོང་གནའ་གྲོང་ལ་ཡུལ་སྐོར་བ་མང་པོས་དགའ་པོ་བྱེད་ལ། ས་གནས་ཁག་གི་མི་རྣམས་ཀྱིས་ཅིན་ལུང་སྡེ་ཁུལ་དུ་གཞིས་ཆགས་པར་ཡོང་འདོད་ཀྱང་བྱེད་ཀྱི་ཡོད། མི་འབོར་མང་བ་དང་གནས་ཚུལ་འདྲ་མིན་སྣ་ཚོགས་ཐོན་པས། སྡེ་ཁུལ་དུ་ལས་ཀ་ལོ་3ལྷག་ཙམ་བྱས་པའི་དབྱང་ཡུང་ཤིང་ལ་ལས་དོན་སྒྲུབ་སྐབས་འགྲན་སློང་འཕྲད་ཀྱི་ཡོད། “ང་ཚོས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་དཀའ་གནད་ནས་འགོ་བཙུགས་ཏེ་ཞི་མཐུན་གྱི་མཉམ་སྡོད་ཁོར་ཡུག་ཅིག་བསྐྲུན་ནས་མི་རིགས་ཁག་གི་གྲོང་མིའི་དབར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་གི་ཡོད”ཅེས་དབྱང་ཡུང་ཤིང་གིས་བཤད།

    གནའ་གྲོང་འཕེལ་རྒྱས་ཕྱིན་པས་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཧེ་ཆིང་རྫོང་ནས་ཡིན་པའི་ཝང་ཝུའུ་ཐའོ་ཡི་ཡིད་དབང་ཚད་མེད་བཀུག ལོ་ཤས་གོང་། ཁོ་མོས་མི་རིགས་ཀྱི་རྒྱན་གོས་ཚོང་ཁང་ཞིག་བཙུགས་པ་དེ་ལམ་མདོ་ཁར་གནས་པས་ས་བབ་ཧ་ཅང་ལེགས་པོ་ཡོད། ཡིན་ནའང་སྒོ་ཁར་བཙུགས་པའི་གད་སྙིགས་བླུག་སྣོད་དེ་ཁོ་མོའི་སེམས་ནད་ཅིག་ཏུ་གྱུར། ཁོ་མོས“ཡུལ་སྐོར་བ་ཚོས་གད་སྙིགས་གཡུག་པ་མ་ཟད། ཐ་ན་ཉེ་འཁོར་གྱི་ཚོང་ཁང་གིས་ཀྱང་སྟབས་བདེ་བའི་ཆེད་དུ་གད་སྙིགས་འདི་གར་སྤུངས་པས་ཚོང་ལ་སྐྱོན་ཆེན་པོ་རྒྱག་གི་འདུག”ཅེས་བཤད།

    ཝང་ཝུའུ་ཐའོ་ཡི་སེམས་ནད་དེ་ཤེས་རྗེས། ཅིན་ལུང་སྡེ་ཁུལ་གྱི་དྲ་མིག་པ་ཚའེ་ཧུང་ཧྥིན་གྱིས་དབྱང་ཡུང་ཤིང་དང་མཉམ་དུ་སྔོན་ལ་རྡོ་མཁར་རྫོང་གནའ་གྲོང་དོ་དམ་ཨུ་ལྷན་དང་གྲོས་བསྡུར་བྱས་ནས་སྒོ་རྩར་ཡོད་པའི་གད་སྙིགས་བླུག་སྣོད་དེ་ཁྲོམ་གཞུང་གི་དཀྱོག་མཚམས་སུ་སྤོས་པས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ལ་ཚོང་ཁང་གི་ཚོང་ལའང་སྐྱོན་རྒྱག་གི་མེད་པ་རེད། སྡེ་ཁུལ་གྱིས་ཡང་ཉེ་འཁོར་གྱི་ཚོང་ཁང་དུ་འདྲི་རྟོགས་བྱས་ཏེ་ཁོང་ཚོའི་དགོས་མཁོ་ཤེས་རྟོགས་བྱས་ནས་གད་སྙིགས་རླངས་འཁོར་དུས་བཀག་ལ་གད་སྙིགས་དབོར་བར་ཡོང་རྒྱུར་མཐུན་སྦྱོར་བྱས་པ་རེད། “ད་ཆ་སྒོ་རྩར་གཙང་མ་གཙང་རྐྱང་ཡོད་པས་ཚོང་རྒྱག་སྐབས་སེམས་པའང་སྐྱིད་པོ་འདུག”ཅེས་ཝང་ཝུའུ་ཐའོ་ཡིས་བཤད།

    དབྱང་ཡུང་ཤིང་གིས། ཅིན་ལུང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་ཏང་ཡོན་དང་། དོ་བདག དང་བླངས་པ་སོགས་ལས་གྲུབ་པའི་དྲ་མིག་པའི་དཔུང་ཁག་ཅིག་བཙུགས་པ་དང་། དྲ་མིག་པའི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་འགལ་ཟླ་དང་རྩོད་གཞི་སེལ་བ་སོགས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་རེད། དུད་ཚང་དུ་འདྲི་རྟོགས་དང་གྲོང་མིའི་ཚོགས་ཆེན་འཚོགས་པ་སོགས་ཆ་འཕྲིན་ཤེས་རྟོགས་དང་མང་ཚོགས་ཀྱི་ཁེ་ཕན་བདེ་སྡུག་རྒྱུས་ལོན་བྱེད་པ་བརྒྱུད། སྡེ་ཁུལ་ནང་ཁུལ་གྱི་གནད་དོན་སྔ་ཙམ་ཤེས་ནས་སྔ་ཙམ་ཐག་གཅོད་ཐུབ་པ་དང་མང་ཚོགས་ཕན་ཚུན་དབར་ནང་མི་ལྟར་འཆམ་མཐུན་བྱུང་བ་མ་ཟད། གནའ་གྲོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱང་མགྱོགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།