དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་དུ་ལས་ཞུགས་ཀྱི་དཔྱིད་རླུང་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-15

    གང་འདྲ་ཞིག་ལ་སྤུས་ཚད་མཐོ་བའི་ལས་ཞུགས་ཟེར་རམ།

    དང་ཐོག་ལས་ཞུགས་ནི་མི་སེར་གྱི“ལྟོ་ཕོར”ཡིན་ཞིང་། དེ་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་འབྲེལ་བ་ཡོད། ཕྱིས་སུ་ལས་ཞུགས་ནི་མི་སེར་གྱི“ངོ་སོ”ཡིན་ཞིང་། དེ་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད། ད་ཆ་སྤུས་ཚད་མཐོ་བའི་ལས་ཞུགས་ནི་ཡོང་འབབ་ཡོད་པ་དང་། རིན་ཐང་གཏོད་པ། ངོ་སོ་ཡོད་པའི་ལས་ཞུགས་ཀྱི་དགོས་མཁོ་བཅས་རེད།

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད་ལག་བསྟར་བྱས་པའི་སྲིད་ཇུས་ཁག་མཐོང་བྱུང་ལ། རིམ་ཁག་མི་སྤྱིའི་ལས་དོན་པ་གོང་འོག་གིས་དངོས་སྒྲུབ་ཀྱི་འགྱུར་ལྡོག་ཀྱང་མཐོང་བྱུང་། འགྱུར་ལྡོག་འདི་དག་གིས་ལས་མི་བསྡུ་མཁན་དང་ལས་ཀ་འཚོལ་མཁན་ཕྱོགས་གཉིས་ཀའི་དགོས་མཁོ་དང་བསྟུན་པས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    འཇུ་ལག་རྫོང་མི་སྤྱི་སྡེ་ཚན་གྱིས“དབུལ་སྒྲོལ་ངལ་ནུས་ཀྱི་ལས་གནས་བརྟན་གཏོང་དང་ལས་ཞུགས་ཀྱི་ཁ་གསབ་དྲ་ཐོག་རེ་ཞུའི་མ་ལག”གསར་གཏོད་བྱས་ནས་བཏོད་དེ། ཡུལ་གཞན་དུ་གླ་པར་སྐྱོད་མཁན་དབུལ་སྒྲོལ་དུད་ཚང་822ཕར་འགྲོ་ཚུར་འོང་བྱེད་ཉུང་དུ་ཕྱིན་ཡོད་ལ། ལག་ཐོགས་ཁ་པར་བརྒྱུད་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་ལེན་ཐུབ་པས་གླ་པར་སྐྱོད་སྐབས་བློ་དེ་བས་བདེ་བ་དང་སྙིང་ཉེ་བར་འགྱུར་ཡོད།

    ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་བྱེད་ཚད་རིམ་བཞིན་མཐོ་རུ་གཏོང་ཆེད། འཇུ་ལག་རྫོང་གིས་ངལ་ནུས་ཕྱིར་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ངལ་ལས་བར་ཁེ་བ་50ལྷག་ཙམ་དང་ངལ་ལས་སྒྲིག་གཞི་5བཙུགས་པ་དང་། རྫོང་ཡོངས་ཀྱིས་ལོ་རེར་གྲོང་གསེབ་ཀྱི་འབྲོག་ཁུལ་དུ་མི་ཐེངས་ཁྲི་3ཡན་སྒྲིག་འཛུགས་ཀྱིས་ལས་ཞུགས་གཞན་སྒྱུར་བྱས་པ། ལས་ཞུགས་གཞན་སྒྱུར་བརྒྱུད་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་དུང་ཕྱུར་1.3བྱུང་ཡོད།

    རྐང་ཚ་རྫོང་དུ་མི་སྤྱི་ཅུས་ཀྱི་ལས་དོན་པས་བསམ་ཕྱོགས་བསྒྱུར་ནས། རང་འགུལ་ངང་ཁེ་ལས་དང་། མཛེས་ལྗོངས་ཁུལ། གྲོང་མིའི་ཁྱིམ་བཅས་སུ་ལས་ཞུགས་ཀྱི་དགོས་མཁོ་དང་ལས་གནས་མཁོ་སྤྲོད་གསལ་རྟོགས་བྱེད་པར་བསྐྱོད་དེ་ལས་ཀ་འཚོལ་མཁན་གྱི“དགོས་མཁོར”གཞིགས་ཏེ་ལས་གནས་དག་བློ་ལ་བབས་པར་བྱས་ཡོད།

    བྱེད་ཐབས་རེ་རེ་བཞིན་སྐུལ་འདེད་བཏང་བ་དེ་ཐོག་ནས་མི་སྤྱི་སྡེ་ཚན་གྱིས་དམངས་ལ་ཞབས་འདེགས་ཞུ་བའི“ལས་བརྩོན”གྱི་རྣམ་པ་མངོན་པ་དང་། གྲངས་གཞིའི་འགྱུར་ལྡོག་རེ་རེ་ལས་མི་སྤྱི་སྡེ་ཚན་གྱིས་དམངས་ལ་དྲོ་སྐྱིད་སྦྱིན་པའི“ལྷག་བསམ”མཚོན་ཡོད། ལས་ཞུགས་ཀྱི་དཔྱིད་རླུང་ལས་དུད་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་ཡོད་ལ། མང་ཚོགས་ཀྱི་སེམས་པའང་དྲོ་བར་བྱས་ཡོད། མཚོ་བྱང་ཀྲོའུ་ཡི་2024ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“དམངས་འཚོའི་བདེ་རྩ་དེ་བས་ཆེ་བ་དང་བདེ་སྐྱིད་ལྡན་པའི་མཚོ་བྱང་མགྱོགས་མྱུར་སྐྲུན་དགོས”ཞེས་བསྟན་ཡོད་པས། མི་སྤྱི་སྡེ་ཚན་གྱི་གཏམ་སྤྱོད་དང་བྱ་ཐབས་རེ་རེ་ནི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཡུན་རིང་བདེ་འཁོད་ལ་འབྲེལ་བ་ཡོད་པས། ལས་བྱེད་པས་འབད་བརྩོན་བྱས་ཚེ་མང་ཚོགས་ཚོར་རྟག་བརྟན་གྱི་བདེ་སྐྱིད་ཐོབ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།