“ང་ཚོ་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་ཡོད”
འདི་ནི་ཨ་ལུར་ཚོགས་པ་དང་ཁུའུ་སི་ཐ་ནའེ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སློབ་གླིང་མཉམ་ལས་བྱས་ནས་བསྐྲུན་པའི་སློབ་སྦྱོང་རྟེན་གཞིར་མཉམ་འབྲེལ་བཅར་འདྲི་ཚོགས་པས་སློབ་མས་འཕྲུལ་འཁོར་བཀོལ་སྤྱོད་བྱེད་སྟངས་པར་རྒྱག་བཞིན་པ།
ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་ཧ་སག་སི་ཐན་སྨྱན་སྦྱོར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཧ་སག་སི་ཐན་བྱང་རྒྱུད་ཀྱི་གྲོང་ཁྱེར་ཁུའུ་སི་ཐ་ནའེ་རུ་བསྐྱོད་དེ། ཀྲུང་གོའི་ཁེ་ལས་ཀྱིས་ཉོ་སྒྲུབ་བྱས་ནས་བསྐྱར་དུ་བཙུགས་པའི་ཧ་སག་སི་ཐན་གྱི་རླངས་འཁོར་ཐོན་སྐྱེད་སྒྲིག་བཟོའི་ཁེ་ལས་ཆེ་ཤོས་ཨ་ལུར་ཚོགས་པར་བཅར་འདྲི་བྱས་པ་རེད།
ཨ་ལུར་ཚོགས་པ་ནི་2003ལོར་བཙུགས་པ་དང་། 2019ལོའི་ལོ་མཇུག་ཏུ་ཀུན་སྤྱོད་ལག་རྩལ་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི་དང་ཨན་ཧུའེ་ཅང་ཧོའེ་རླངས་འཁོར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་ཨ་ལུར་ཚོགས་པའི་མ་རྐང་51%ཉོ་སྒྲུབ་བྱས་པ་རེད། ཉོ་སྒྲུབ་བྱས་ནས་བསྐྱར་དུ་བཙུགས་ཚུན་ཨ་ལུར་ཚོགས་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་ཤས་བསྟུད་མར་མགྱོགས་མྱུར་འཕར་ཞིང་། རླངས་འཁོར་ཐོན་སྐྱེད་བྱེད་ཚད་2017ལོའི་རླངས་འཁོར་6000ནས་2023ལོའི་རླངས་འཁོར་ཁྲི་9བར་འཕར་ནས་ཁྲོམ་ར་བཟུང་ཚད་ལོ་མང་རིང་40%ལས་བརྒལ་ཏེ་ས་གནས་དེ་གའི་རླངས་འཁོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད།
ཨ་ལུར་ཚོགས་པའི་རླངས་འཁོར་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་ཚ་ལ་རྒྱག་པ་དང་། སྒྲིག་སྦྱོར། རྩི་གཏོང་བ་སོགས་ཐོན་སྐྱེད་ལས་རིམ་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་དང་དོ་དམ་ཚད་ལྡན་ལས་མཉམ་འབྲེལ་བཅར་འདྲི་ཚོགས་པར་བག་ཆགས་ཟབ་མོ་བཞག་ཡོད། ཨ་ལུར་ཚོགས་པའི་བཟོ་གྲྭའི་གཉེར་སྐྱོང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཝུའེ་ཐ་ལི·ཧོ་ལི་སི་ཐེས་ངོ་སྤྲོད་བྱས་པར། མིག་སྔར་ཁེ་ལས་ཀྱིས་ལོ་རེར་རླངས་འཁོར་ཁྲི་13ཐོན་སྐྱེད་བྱེད་པའི་ནང་ཅང་ཧོའེ་རླངས་འཁོར་ཚུད་པའི་རྒྱལ་སྤྱིའི་རླངས་འཁོར་སྤུས་རྟགས་མང་པོ་སྒྲིག་སྦྱོར་དང་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། དེ་ནི་ཧ་སག་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཚོང་སྤྱོད་རླངས་འཁོར་སོགས་ཐོན་སྐྱེད་ཀྱི་འོས་ཐོབ་ཆ་ཚང་ལྡན་པ་དང་ལྷུ་ལག་ཆ་ཚང་སྒྲིག་སྦྱོར་གྱི་ནུས་པ་ལྡན་པའི་རླངས་འཁོར་ཁེ་ལས་འབའ་ཞིག་དེ་རེད། ཨ་ལུར་ཚོགས་པའི་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱི་ལན་ནཱ·ཀྲ་པི་ཡ་ལུའོ་ཝ་ཡིས། ཀུང་སིའི་དོ་དམ་རིམ་ངོས་དང་ཀྲུང་གོའི་རོགས་ཟླའི་དབར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་འབྲེལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མང་པོ་ཡང་སྦྱངས་ཡོད། “འདི་གར་ང་ཚོ་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་ཡོད”ཅེས་བཤད།
ཧ་སག་སི་ཐན་གྱི་BAQགསར་འགྱུར་ཁང་གི་གསར་འགོད་པ་ཀུར་ཀྲན·ལཱ་མན་ཁུའུ་ལུའོ་ཝ་ཡིས་བཅར་འདྲི་བྱེད་རིང་ཨ་ལུར་ཚོགས་པས་ལས་བཟོ་གསོ་སྦྱོང་དང་ལས་རིགས་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་པར་དོ་སྣང་བྱུང་ཡོད། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར། ཨ་ལུར་ཚོགས་པ་དང་ས་གནས་དེ་གའི་སློབ་གླིང་དབར་མཉམ་ལས་བྱས་ནས་བསྐྲུན་པའི་སློབ་སྦྱོང་རྟེན་གཞིར་མཉམ་འབྲེལ་བཅར་འདྲི་བྱས་པ་བརྒྱུད། ངས་དེའི་ཐད་རྒྱུས་མངའ་དེ་བས་གསལ་པོ་དང་གཏིང་ཟབ་བྱུང་ཞེས་བཤད། “མིག་སྔར་ཧ་སག་སི་ཐན་གྱིས་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག་ཨ་ལུར་ཚོགས་པས་ཁྲོམ་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལག་རྩལ་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་བཞིན་ཡོད་པས། ང་ལ་ཧ་སག་སི་ཐན་གྱི་རླངས་འཁོར་ཐོན་ལས་འཕེལ་རྒྱས་འགྲོ་བར་གདེང་ཚོད་དེ་བས་ཆེན་པོ་ཡོད”ཅེས་ལཱ་མན་ཁུའུ་ལུའོ་ཝ་ཡིས་བཤད།