མངའ་རིས་ས་ཁུལ་གྱི་ནུས་རྒྱུ་གསར་པའི་2023ལོའི་ཆན་ཧྥུའུ་110སྐྱེལ་གཏོང་ལས་གྲྭའི(རུ་ཐོག)གློག་འདྲེན་སྐུད་ལམ་ཡོངས་སུ་ཤར་གཏོང་ཐུབ་པ།
ཉེ་ཆར། མངའ་རིས་ས་ཁུལ་གྱི་ནུས་རྒྱུ་གསར་པའི་2023ལོའི་ཆན་ཧྥུའུ་110སྐྱེལ་གཏོང་ལས་གྲྭའི(རུ་ཐོག)གློག་འདྲེན་སྐུད་ལམ་ཡོངས་སུ་ཤར་གཏོང་ཐུབ་པ་རེད།
རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི་དོ་བདག་དང་རྣམ་གྲངས་ཀྱི་ཅིང་ལི་མིག་དམར་དོན་གྲུབ་ཀྱིས། རྣམ་གྲངས་ཀྱིས་ཆན་ཧྥུའུ་110ཡི་རུ་ཐོག—རྒྱ་སྨུག—སེང་གེ་ཁ་འབབ་བཅས་ཀྱི་གློག་སྒྱུར་ས་ཚིགས་ལ་བརྟེན་ནས་རུ་ཐོག་རྫོང་དང་སྒར་རྫོང་ལ་གློག་ཤུགས་ཀྱི་འདེགས་སྐྱོར་བྱས་ཡོད། ནུས་རྒྱུ་གསར་པ་བསྐྲུན་པ་དེས་མངའ་རིས་ས་ཁུལ་གྱི་གློག་དྲའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་ནུས་རྒྱུ་སྣ་ཚོགས་གསབ་རེས་མཐུན་སྦྱོར་གྱི་ནུས་པ་ཆེ་རུ་ཕྱིན་ནས། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་ལྗང་མདོག་གློག་ནུས་བརྟན་པོ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེ་2023ལོའི་ཟླ་10ཚེས་10ཉིན་སྐྲུན་འགོ་ཚུགས་ཤིང་། ལས་གྲྭའི་ཨར་ལས་པས་ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་ཆ་རྐྱེན་འོག་ལས་གྲྭའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། འཕྲུལ་ཆས་ཅན་གྱི་ཨར་ལས་དང་རྨང་གཞིའི་དྲོད་སྲུང་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།