ཀྲུང་གོའི་དགེ་མཚན་ལྡན་པའི་ནུས་པར་དངོས་ཡོད་དང་མཐུན་པའི་ངོས་འཛིན་བྱེད་དགོས།
མིག་སྔར། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མ་དར་རྒྱས་བྱུང་ཡོད་ལ། འཛམ་གླིང་སྣེ་མང་རང་བཞིན་གྱི་འཕེལ་ཕྱོགས་ཀྱང་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད། འོན་ཀྱང་ཨ་རིའི་མི་ཁ་ཤས་ཀྱིས་རྒྱལ་ཁབ་ཆེན་པོ་གཞན་དག་ཞི་བའི་རྣམ་པའི་ཐོག་ནས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་ལེན་བྱེད་འདོད་མེད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ཨ་རིའི་རྒྱལ་སྤྱིའི་གནས་བབ་ལ་འགྲན་སློང་བྱེད་པའམ་ཡང་ན་དེའི་ཚབ་བྱེད་འདོད་བྱེད་པ་མིན་མོད། འོན་ཀྱང་ཨ་རིའི་མི་ཁ་ཤས་ཀྱིས“ཀྲུང་གོའི་འཇིགས་སྐུལ”ཟེར་བ་སྔར་བཞིན་རྒྱུན་ཆད་མེད་པར་འུད་སྒྲོག་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་ཀྱིས་གོ་ལ་ཧྲིལ་པོར་ཉེན་ཁ་བཟོས་ཡོད།
མིག་སྔར། གོ་ལ་ཧྲིལ་པོར་འཇིགས་སྐུལ་དང་འགྲན་སློང་མང་པོ་འཕྲད་ཅིང་། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་གནད་དོན་ཐད་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེན་པོ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས། ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས། ས་འབྲེལ་ཆབ་སྲིད་ཀྱི་འཐབ་འགྲན་རིམ་སྤོར་བྱས་ཏེ་གདོང་ཐུག་དང་དམག་འཁྲུག་སློང་མི་རུང་།
ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གོ་སྐབས་བསྐྲུན་ཅིང་། ཀྲུང་གོས་ལོ་བཅུ་ཕྲག་གི་དུས་ཚོད་ནང་མི་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་པར་བྱས་པས། དེ་ནི་འཛམ་གླིང་གི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་རེད། ཀྲུང་གོས་འཛམ་གླིང་ལ་སྤུས་ལེགས་དང་གོང་ཁེ་བའི་ཚོང་ཟོག་དང་ཞབས་ཞུ་མཁོ་འདོན་བྱས་པས། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱིས་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུར་རམ་འདེགས་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱས་ཡོད། ཀྲུང་གོར་གནའ་བོའི་ཤེས་དཔལ་ཕུན་སུམ་ཚོགས་པོ་ཡོད་ལ། ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོའི་འབད་བརྩོན་དེ་དག་འཛམ་གླིང་གིས་དེ་བས་ལེགས་པ་དང་དེ་བས་དོན་དངོས་དང་མཐུན་པའི་ངང་ཤེས་རྟོགས་ཐུབ་པར་བྱེད་དགོས་ངེས་རེད།
ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། རྒྱལ་ཁབ་ཁག་ཞི་བདེ་མཉམ་གནས་དང་ཐུན་མོང་དར་རྒྱས་གཏོང་བ་ནི་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད། ཀྲུང་གོས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ལ། ད་དུང་མུ་མཐུད་ནུས་པ་དེ་འདྲ་འདོན་རྒྱུ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཐད་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་དོན་དངོས་དང་མཐུན་པའི་ངོས་འཛིན་བྱེད་དགོས་པ་ལས་དེའི་ཐད་འཇིགས་སྣང་བྱེད་མི་རུང་ལ། རང་ཉིད་ཀྱི་བཙན་དབང་གི་བསམ་བློ་ཀྲུང་གོའི་ཐོག་དེ་བས་ཀྱང་འཇོག་མི་རུང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་ཡིན་པའི་ཨ་ཀྲུང་རྒྱལ་ཁབ་གཉིས་པོ་མཉམ་ལས་རོགས་ཟླར་གྱུར་བ་བྱས་ནས། དེ་བས་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུན་མོང་ཐོག་གཞོལ་དགོས། ཨ་ཀྲུང་དབར་གྱི་མཉམ་ལས་དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་པའི་ཐད་གལ་འགངས་ཧ་ཅང་ཆེན་པོ་ཡིན།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཀྲུང་དབར་མཉམ་ལས་དེ་བས་ལེགས་པ་བྱ་རྒྱུའི་རེ་སྒུག་བྱེད་པ་ལས་རྒྱལ་ཁབ་གཉིས་པོའི་དབར་འགྲན་རྒོལ་དང་གདོང་ཐུག་བྱེད་པ་མཐོང་འདོད་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། རང་ངོས་ཀྱི་ནོར་འཁྲུལ་གྱི་ངོས་འཛིན་ལས་ཐར་ཐབས་བྱེད་པ། ཀྲུང་གོ་འདི་ཉིད་འགྲན་རྩོད་བྱ་ཡུལ་གཙོ་བོ་དང་ས་འབྲེལ་ཆབ་སྲིད་ཀྱི་འགྲན་སློང་གལ་ཆེན་ཞིག་ཏུ་བརྩི་མཚམས་འཇོག་དགོས།
(རྩོམ་པ་པོ་གོ་ལ་ཧྲིལ་པོའི་འབྱུང་འགྱུར་ཞིབ་འཇུག་སུའོ་ཡི་སྲོལ་གཏོད་པ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཡིན་པ)