དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཚང་མས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གྲུབ་འབྲས་གཏོད་དགོས”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2024-06-13

    རྒྱལ་ལམ་318ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་གྲོང་ཚོ་མང་པོ་ཕན་ཚུན་སྦྲེལ་ཡོད་ཅིང་། གྲོང་ཚོའི་ནང“བཀྲ་ཤིས”ཟེར་བའི་མིང་རོགས་གཉིས་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་ཡོད་དེ། བཟུང་སྣ་གྲོང་ཚོའི་བཀྲ་ཤིས་ནོར་བུ་དང་ར་བཞི་གྲོང་ཚོའི་བཀྲ་ཤིས་ཕུན་ཚོགས་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། ཁོ་གཉིས་པོས་གྲོང་ཚོའི་ནང་གི་མཉམ་སྡེབ་ཐོན་ལས་ཇི་ལྟར་འཕེལ་རྒྱས་གཏོང་བའི་ཐད་འགྲན་བསྡུར་བྱེད་བཞིན་མཆིས།

    འགྲན་རྩོད་ཀློང་ལས་ངར་ཤུགས་རབ་ཏུ་འཕེལ་བ་དེ་ནི་ན་ནིང་ནས་འགོ་བཙུགས་ཏེ་གླེང་དགོས། ན་ནིང་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི“འགྲན་བསྡུར”བྱེད་སྒོ་སྤེལ་ཞིང་། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྣམས་གྲོང་ཚོ་མི་འདྲ་བར་བསྐྱོད་དེ་ཡུལ་དངོས་སུ་དཀའ་གནད་དབྱེ་ཞིབ་དང་ཉམས་མྱོང་གླེང་བ་མ་ཟད། བྱེད་སྒོ་དེའི་ཁྲོད“བཀྲ་ཤིས”གཉིས་པོའི་མཐོང་རྒྱ་བསྐྱེད་པ་དང་བློ་སྒོ་ཕྱེ་ཡོད།

    གྲོང་ཁྱེར་དུ་སོལ་རླངས་སྐྱེལ་བར་འགྲོ་མྱོང་བ་དང་། ཟོག་འགྲེམས་ཀྱི་ལས་ཀ་བྱེད་མྱོང་བ། བདལ་གཏོང་རླངས་འཁོར་གཏོང་མྱོང་བའི་བཀྲ་ཤིས་ནོར་བུ་2012ལོར་ཕ་ཡུལ་དུ་ལོག་ནས་རང་གི་གསོག་དངུལ་གྱིས་རྐོ་འདྲུའི་འཕྲུལ་འཁོར་ཆུང་གྲས་ཤིག་ཉོས་ཏེ་རྣམ་གྲངས་བརྩོན་ལེན་དང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱས། “དོན་དག་ལ་ལ་བསྒྲུབས་མ་མྱོང་བས་སྒྲུབ་ཞོར་དུ་སྦྱོང་གི་ཡོད། ཡོང་འབབ་རག་ན་མི་དེ་བས་མང་བ་མཉམ་དུ་ལས་ཀ་བྱེད་པར་ཡོང་གི་འདུག”ཅེས་བཀྲ་ཤིས་ནོར་བུས་བཤད། ལོ་འདི་དག་རིང་། ཁོང་གིས་གྲོང་མི་ཚོའི་སྣེ་ཁྲིད་དེ་འཕྲུལ་ཆས་ཀུང་སི་བཙུགས་པ་དང་གཟན་རྩྭ་རྟེན་གཞི་བསྐྲུན་པས་ཚང་མའི་འཚོ་བ་ཡང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་ཅིང་། 2023ལོར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་79ཙམ་རག་ཡོད་པ་རེད།

    ན་ནིང་ལོ་མཇུག་གི“འགྲན་བསྡུར”བྱེད་སྒོའི་ཐོག་བཀྲ་ཤིས་ནོར་བུས་རང་ཉིད་དང་མི་གཞན་པའི་དབར་གྱི་ཧེ་བག་ཚོར་བ་མ་ཟད། འབད་འཐབ་ཁ་ཕྱོགས་གསར་པ་ཡང་རྙེད་ཡོད།

    ཁྱིམ་མཚེས་གྲོང་ཚོར་འགྲན་བསྡུར་ལ་ཞུགས་སྐབས། མགྲོན་ཁང་གི་ལས་དོན་པས་རི་སྐྱེས་སྔོ་ཚལ་གྱི་མོག་མོག་སྡེར་མ་གང་ཁྱེར་ཡོང་ནས་སྣེ་ལེན་བྱེད་པ་མཐོང་དུས་བཀྲ་ཤིས་ནོར་བུས“འདི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་རེད། ཐུམ་སྒྲིལ་སྟབས་བདེ་འདི་འདྲ་བྱེད་དོན་གང་ཡིན”ཞེས་ཧ་ལས་བཞིན་དུ་བཤད།

    “ཡུལ་སྐོར་བས་དགའ་ཤོས་བྱེད་པ་ནི་སྔ་མོའི་བྲོ་བ་མི་འགྱུར་བ་དེ་རེད། འོན་ཀྱང་བྲོ་བ་མ་ཉམས་པ་བྱེད་པ་དང་དུས་མཚུངས་སུ་ཞག་སྡོད་མཐུན་རྐྱེན་ཟམ་མི་ཆད་པར་ཡག་ཏུ་བཏང་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་དགོས། ལས་ཀ་འདི་དག་ཡག་པོ་སྒྲུབ་ཐུབ་ན་ཚོང་ཀྱང་རང་བཞིན་གྱིས་ཡག་ཏུ་འགྲོ་ངེས་རེད”ཅེས་མགྲོན་ཁང་གཉེར་མཁན་གྱིས་བརྗོད།

    བཀྲ་ཤིས་ནོར་བུ་གཉིད་ལས་སད་པ་ལྟར་གྱུར་ནས་གྲོང་ཚོའི་ནང་ལོག་རྗེས་མྱུར་དུ་ལས་ཀར་གཞོལ་ཞིང་། ད་ཆ་ཁོང་གིས་གྲོང་ཚོའི་ནང་གི་ཁང་པ་སྟར་པ་ཁ་ཤས་ཁྱད་ལྡན་དམངས་སྲོལ་གནས་ཚང་དུ་བསྒྱུར་རྒྱུའི་འཆར་གཞི་འགོད་བཞིན་ཡོད། “ང་ཚོས་གྲོང་ཚོ་ནས་ཕྱིར་ཐོན་པའི་སློབ་གྲྭ་ཆེན་མོ་བ་གདན་དྲངས་ཏེ་གཉེར་སྐྱོང་བྱེད་དུ་འཇུག་གི་ཡོད། ཁོང་ཚོས་ཁྲོམ་རའི་གོ་སྐབས་དམ་འཛིན་ཇི་ལྟར་བྱེད་དགོས་མིན་དེ་བས་གསལ་པོ་ཤེས་ཀྱི་འདུག”ཅེས་བཀྲ་ཤིས་ནོར་བུས་བཤད།

    “འགྲན་བསྡུར”ཞེས་པ་ནི་ཧེ་བག་འཚོལ་བ་ཁོ་ན་མིན་པར་མཉམ་ལས་བྱེད་ཚུལ་གླེང་བ་ཞིག་ཀྱང་རེད།

    “ང་ཚོའི་འབྲི་གཡག་གསོ་ཚགས་ར་བར་མིག་སྔར་འབྲི་གཡག་300ལྷག་ཙམ་ཡོད”ཅེས་ཡུལ་གསར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་ཚེ་རིང་གིས་གྲོང་ཚོ་གཞན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚོ་ཁྲིད་དེ་འབྲི་གཡག་གསོ་ཚགས་ར་བར་བསྐྱོད་ཅིང་། གྲོང་ཚོའི་རྒྱ་ཇེ་ཆེར་འགྲོ་བའི་ཐོན་ལས་ངོ་སྤྲོད་བྱས་པ་དང་འབྲེལ་གཟན་ཆས་ནི་གལ་ཆེན་ཡིན་ལུགས་ཀྱང་གླེང་། བཀྲ་ཤིས་ནོར་བུས་སྐད་ཆ་དེ་དག་ཉན་བཞིན་མྱུར་དུ“ཁྱེད་ཚོའི་གྲོང་ཚོར་འབྲི་གཡག་མང་པོ་ཡོད་པ་དང་ང་ཚོའི་གྲོང་ཚོས་གཟན་རྩྭ་མུའུ་1000ལྷག་ཙམ་བཏབ་ཡོད་པས། ང་ཚོས་མཉམ་ལས་བྱས་ན་གང་འདྲ་འདུག་གམ”ཞེས་དྲིས། “གཟན་རྩྭ་ཕུད་ད་དུང་མ་རྨོས་ལོ་ཏོག་གི་གཟན་ཆག་མཁོ་སྤྲོད་བྱེད་ཐུབ་བམ”བཀྲ་ཤིས་ནོར་བུའི་སྐད་ཆར་ཉན་བཞིན་གྲོང་ཚོ་གཞན་གྱི་ཀྲི་པུའི་ཧྲུའུ་ཅི་ཞིག་གིས་དེ་ལྟར་སྐད་ཆ་དྲིས། ད་ཆ་བཀྲ་ཤིས་ནོར་བུས་ཚ་ཚ་འུར་འུར་ངང་མ་རྨོས་ལོ་ཏོག་འདེབ་རྒྱུར་འཆར་འགོད་ཧུར་ཐག་བྱེད་བཞིན་ཡོད།

    “ཧྲུའུ་ཅི་བཀྲ་ཤིས་ཀྱིས་ཚོང་ཡག་པོ་རྒྱག་ཤེས་ཀྱི་ཡོད”ཅེས་བཟུང་སྣ་གྲོང་ཚོའི་གྲོང་མི་ཞིག་གིས་མཐེ་བོང་བསྒྲེངས་ནས་བཀྲ་ཤིས་ནོར་བུར་བསྟོད་བསྔགས་ཡང་ཡང་བྱས།

    བཟུང་སྣ་གྲོང་ཚོ་འཕེལ་རྒྱས་ཡག་པོ་བྱུང་བ་མཐོང་སྐབས། “བཀྲ་ཤིས”གཞན་དེའང་ལྷོད་ལྷོད་བྱས་ནས་སྡོད་ཐབས་བྲལ། བཀྲ་ཤིས་ནོར་བུའི་ངོ་སྤྲོད་དང་ཉམས་མྱོང་ལ་ཉན་རྗེས་བཀྲ་ཤིས་ཕུན་ཚོགས་ཀྱིས་ར་བཞི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐད་སླར་ཡང་འབད་བརྩོན་བྱ་རྒྱུའི་སེམས་ཐག་བཅད།

    བཟུང་སྣ་གྲོང་ཚོའི་མེ་ཏོག་ར་བར་ཡུལ་སྐོར་བས་ཁེངས་པ་མཐོང་སྐབས་བཀྲ་ཤིས་ཕུན་ཚོགས་ཀྱིས་ར་བཞིའི་ཉེ་འཁོར་དུ་རི་མཐོའི་ཁམ་བུའི་མེ་ཏོག་ནགས་ཚལ་ཞིག་གསར་སྤེལ་བྱ་རྒྱུའི་འཆར་གཞི་བཟོས་ཤིང་། “ཁྱེད་ཚོའི་ས་ཆ་དང་བསྡུར་ན། ང་ཚོའི་ས་བབ་མཐོ་ཙམ་ཡོད་ལ་མེ་ཏོག་བཞད་ཡུན་ཅུང་ཕྱི་བས། དུས་ཚོད་ལ་ཁྱད་པར་ངེས་ཅན་ཡོད། ང་ཚོ་གྲོང་ཚོ་གཉིས་ཀྱིས་ཕན་ཚུན་གསབ་རེས་བྱས་ན་སྤོ་བོ་རྫོང་གི་མེ་ཏོག་མྱོང་རོལ་གྱི་དུས་ཡུན་ཇེ་རིང་དུ་གཏོང་ཐུབ”ཅེས་བཀྲ་ཤིས་ནོར་བུ་ལ་རང་གི་བསམ་ཚུལ་བརྗོད།

    མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རང་བྱུང་གི་ཁྱད་ཆོས་བེད་སྤྱོད་གཏོང་བ་ཕུད་བཀྲ་ཤིས་ཕུན་ཚོགས་ལ་ད་དུང་ཐབས་ཤེས་ཡག་པོ་ཞིག་ཡོད་པ་སྟེ“རིམ་གསུམ་ཞི་གྲོས”རེད། ཐོག་མར་ར་བཞི་གྲོང་ཚོ་ནས་བྱུང་བ་དང་འབྲེལ་གཡུ་ཕུག་ཤང་དུ་ཁྱབ་གདལ་བཏང་བའི་འདུམ་འགྲིག་ལམ་ལུགས་ཤིག་ཡིན་པའི“རིམ་གསུམ་ཞི་གྲོས”ཞེས་པ་ནི་ཤང་ཡོངས་ཀྱིས་གཉིས་ལྡན་དུད་སྦྲེལ་དང་། གྲོང་ཚོ་ཨུ་ལྷན་གཉིས། ཤང་གྲོང་བཅས་རིམ་གསུམ་ལ་བརྟེན་ནས་འདུམ་འགྲིག་བྱས་ཏེ་གཞི་རིམ་གྱི་འགལ་བ་སེལ་བར་ཟེར། “ལས་གྲྭའི་ཨར་སྐྲུན་གྱི་སྐབས་སུ་རྩོད་གཞི་དང་འགལ་བ་ཐོན་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཡིན་ནའང‘རིམ་གསུམ་ཞི་གྲོས’སྤྱད་ན་འགལ་བ་ཕལ་ཆེ་བ་དུས་ཐོག་ཏུ་ཐག་གཅོད་བྱེད་ཐུབ། མང་ཚོགས་ཀྱི་འགལ་བ་ཉུང་དུ་ཕྱིན་ན། ཁེ་ལས་གཉེར་སྐྱོང་གི་ཕན་འབྲས་ཀྱང་སྔར་བས་ཆེ་རུ་འགྲོ་སྲིད”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད།

    སྤོ་བོ་རྫོང་དུ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པས་ཕན་ཚུན་སྤེལ་རེས་དང་མཉམ་ལས་བྱས་པར་བརྟེན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ངར་ཤུགས་ཧ་ཅང་ཆེན་པོ་ལྡན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།