མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས།
བོད་ཀྱི་བྱིས་པ་པེ་ཅིང་དུ་བསྐྱོད་དེ་ཞིབ་འཇུག་རྣམ་པའི་སློབ་སྦྱོང་དང་སྤེལ་རེས་བྱས་པ།
འདི་ནི་བྱིས་པ་ཚོས་ཀྲུང་གོ་བུད་མེད་དང་བྱིས་པའི་རྟེན་མཛོད་ཁང་དུ་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་པན་ཁྲང་སློབ་ཆུང་གི་སློབ་མ་དང་ལག་རྟགས་སྤྲོད་རེས་བྱེད་པ།
འདི་ནི་བྱིས་པ་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་བའི་རྣམ་པ་ཡིན་པ།
མི་དམངས་དྲ་བ་པེ་ཅིང་ནས་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན་ནས་ཟླ་6ཚེས་7ཉིན་བར། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་བོད་ཀྱི་བྱིས་པ་པེ་ཅིང་དུ་བསྐྱོད་དེ་ཞིབ་འཇུག་རྣམ་པའི་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་བྱེད་སྒོ་སྤེལ་ཅིང་། བྱེད་སྒོ་དེ་ནི་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བྱིས་པའི་ལྟེ་གནས་སོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
བྱེད་སྒོ་སྤེལ་རིང་། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ཀྱི་བྱིས་པས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ་མ་ཟད། ད་དུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལོ་རྒྱུས་བསྐྱར་སྦྱོང་དང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་རྟེན་མཛོད་ཁང་དུ་མཁའ་དམག་གི་འོང་སྟོང་འཕྲོ་བའི་འཕེལ་རིམ་ལོ་རྒྱུས་ལ་ཕྱིར་དྲན་ཡང་བྱས་པ་རེད། དེའི་རིང་། བྱིས་པ་ཚོ་ཀྲུང་གོ་བྱིས་པའི་ལྟེ་གནས་སུ“རྒྱལ་ཁབ་ཆེན་པོའི་བྱིས་པས་ཕུགས་བསམ་སྒྲུབ། ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱུང”ཞེས་པའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཡང་ཞུགས་པ་དང་། ཀྲུང་གོ་བུད་མེད་དང་བྱིས་པའི་རྟེན་མཛོད་ཁང་དུ་བསམ་བློ་ཆབ་སྲིད་ཀྱི་ཡུལ་དངོས་ཀྱི་སློབ་ཚན་ལ་ཉན་པ་མ་ཟད། ད་དུང་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་པན་ཁྲང་སློབ་ཆུང་གི་བྱིས་པ་12དང་མཉམ་དུ་རྒྱལ་ཁབ་ཀྱི་མཆོག་ནོར་རི་མོར་བྲིས་པ་རེད།