དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲེ་ཅང་དང་སི་ཁྲོན་གྱིས་མཉམ་དུ་ཐོན་ལས་རིམ་སྤོར་བྱས་ནས་པཱ་ཧྲུའུ་ས་གཞི་ཆེན་པོའི་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་སྦྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-06-12

    སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་རྫོང་རྫ་གླིང་གྲོང་ཚོའི་ཧྲན་ཀང་ཕིང་གི་ཁང་འཁོར་སྒར་སར་སྐྱོད་པའི་ལམ་དུ“ཧང་ཀྲོའུ་དཀར་མཛེས་ལག་གདང་སྦྲེལ། རི་ཀླུང་གང་སར་བརྩེ་དུང་ཟབ”ཅེས་པའི་སྦྱར་ཡིག་ཧ་ཅང་མངོན་གསལ་དོད་པོ་ཡོད། སྐུ་ལ་མཛེས་ལྗོངས་ཁུལ་དུ“ཏེ་ཆིང་དང་བཙན་ལྷ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱང་བུ་ཞིག་གཅིག་ལ་གཅིག་སྦྲེལ་གྱི་གནའ་སྡོང་གཉིས་ཀྱི་འགྲམ་དུ་བཙུགས་ཡོད་ཅིང་། སི་ཁྲོན་དུ་རྣམ་པ་དེ་རིགས་གང་སར་མཐོང་རྒྱུ་ཡོད།

    2021ལོར་ཀྲེ་ཅང་དང་སི་ཁྲོན་དབར་གྱི་རེས་སྐོར་གསར་པའི་ཁ་གཏད་ལས་དོན་སྤེལ་འགོ་ཚུགས་ནས། སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་དབར་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་རམ་འདེགས་བྱས་པ་རེད། འདི་ལོའི་ཟླ་6པར་ཁག་ཐེངས་འདིའི་གནས་སྦྱར་ལས་བྱེད་པ་155སི་ཁྲོན་ལ་རོགས་སྐྱོར་མཇུག་འགྲིལ་བ་རེད། ལོ་གསུམ་རིང་ཀྲེ་ཅང་དང་སི་ཁྲོན་གྱིས་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱས་ནས། ཐོན་ལས་མཉམ་ལས་དང་། ངལ་ལས་གཞོགས་འདེགས། འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་རྣམ་པ་བརྒྱུད་པ་ཧྲུའུ་ས་གཞི་ཆེན་པོའི་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།

    “ཅིན་ཏུང་—རོང་བྲག་བུད་མེད་མཉམ་དར་བཟོ་ཁང”དུ་སླེབས་སྐབས་མི་རིགས་ཀྱི་རྒྱན་གོས་གྱོན་པའི་བོད་རིགས་འཚེམ་དྲུབ་མ་བཅུ་ཡིས་ཐད་གཏོང་བརྙན་ཤེལ་མདུན་དུ་འཚེམ་དྲུབ་རྒྱག་བཞིན་ཡོད་པ་དང་སྐར་མ་ཁ་ཤས་མ་སོང་བར་རྣམ་པར་བཀྲ་བའི་ཀྲུང་གོའི་མདུད་པ་ཞིག་བསླས། དཀར་མཛེས་ཀྲོའུ་རོང་བྲག་རྫོང་དམུ་རྡོ་རི་གྲོང་རྡལ་མདུན་སྐྱོད་གྲོང་ཚོའི་གྲོང་མི་ཀྲང་ཀོང་ཧྥུན་གྱིས་གསར་འགོད་པར་ཉིན་ལྟར་ཞིང་ལས་ཚར་རྗེས་ཁྱིམ་དུ་ཀྲུང་གོའི་མདུད་པ་སླ་གི་ཡོད། ན་ནིང་ཟླ་10པ་ནས་ད་བར་བསྡོམས་ཡོང་འབབ་སྒོར་5000ལྷག་ཙམ་རག་བྱུང་ཞེས་བཤད།

    རོང་བྲག་རྫོང་ནི་སི་ཁྲོན་ནུབ་རྒྱུད་ཀྱི་རི་མཐོ་གྲོག་རོང་ཁུལ་དུ་གནས་པ་དང་གྲོང་མི་ཁ་ཐོར་དུ་འཚོ་སྡོད་བྱེད་ཅིང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་བལྟོས་བཅས་ཀྱིས་མང་ཙམ་ཡོད། ཁྱད་ཆོས་དེར་དམིགས་ཏེ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲེ་ཅང་ཅིན་ཧྭ་གྲོང་ཁྱེར་གྱིས་ཀྲུང་གོའི་མདུད་པ་བསླས་འཐག་ལག་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བརྟེན་ནས“ཐད་གཏོང+ཀྲུང་གོའི་མདུད་པ་བསླས་འཐག”གི་རྒྱུ་ཆ་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་བཏོད་ནས་མང་ཚོགས་རྣམས་ཁྱིམ་དུ་སྟབས་བསྟུན་ལས་ཞུགས་ཐུབ་རྒྱུར་རམ་འདེགས་བྱས་པ་རེད།

    འཐུས་སྒོ་ཚང་བའི་གསོ་སྦྱོང་ལམ་སྲོལ་དང་མངགས་ཐོ་འགན་ལེན་བྱས་པས་གྲོང་མི“མཉམ་དར་བཟོ་ཁང”ལ་ཞུགས་འདོད་ཆེན་པོ་བྱེད་ཀྱི་ཡོད། ཅིན་ཧྭ་ཁེ་ལས་མཁས་ཅན་དང་། མཐོ་སློབ་ཀྱི་དགེ་རྒན། སློབ་གྲྭ་ཆེ་མོ་བ་སོགས་ལས་གྲུབ་པའི་ཕུལ་བྱུང་འཆད་ཁྲིད་ཚོགས་པས་གྲོང་མིར་ཀྲུང་གོའི་མདུད་པ་བསླས་འཐག་དང་ཐད་གཏོང་ཚོང་གཉེར་རྩལ་ནུས་རིན་མེད་ངང་གསོ་སྦྱོང་བྱས་པ་དང་། ཀྲེ་ཅང་དབྱི་ཝུའུ་ཚོང་ཟོག་ཆུང་རྩག་ཁྲོམ་ར་དང་འབྲེལ་མཐུད་བྱས་པ་ལས་རོང་བྲག་གི་ཀྲུང་གོའི་མདུད་པ་རྒྱལ་ཁབ་ཕྱི་ནང་དུ་ཕྱིར་འཚོང་ཐུབ་པ་རེད།

    ཅིན་ཧྭ་ནས་རོང་བྲག་ཏུ་གནས་སྦྱར་ལ་བཏང་བའི་རྫོང་སྲིད་གཞུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུན་ཝུའེ་ཡིས་2022ལོའི་ཟླ་10པར་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་ཚུན། ཐད་གཏོང་དང་རྒྱུ་ཆ་ལས་སྣོན་གསོ་སྦྱོང་འཛིན་གྲྭ་བསྡོམས་ཐེངས་5སྒྲིག་འཛུགས་བྱས་པ་དང་། རྒྱུ་ཆ་ལས་སྣོན་རྟེན་གཞི་10བསྐྲུན་པ། བོད་རིགས་འཚེམ་དྲུབ་མ་མི་ཐེངས་3000ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད་ཅེས་བཤད།

    གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་དགོས། སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོས་2011ལོ་ནས་བཟུང་རྒྱ་སེ་མེ་ཏོག་ཐོན་ལས་འཕེལ་རྒྱས་བཏང་ཞིང་། སྐབས་དེར་རྒྱ་སེ་མེ་ཏོག་གི་ཐོན་རྫས་གཙོ་བོ་ནི་མེ་ཏོག་ཇ་ལོ་དང་མེ་ཏོག་བཅུད་སྣུམ་སོགས་མ་བཅོས་ཐོན་རྫས་རེད། ཀྲེ་ཅང་ཧུའུ་ཀྲོའུ་ཏེ་ཆིང་རྫོང་གིས་བཙན་ལྷ་རྫོང་གི་རྒྱ་སེ་མེ་ཏོག་གི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རྣམ་པ་རིམ་སྤོར་བྱེད་རོཌ་བྱས་ནས། མྱུ་གུ་གསོ་སྤེལ་དང་། འདེབས་འཛུགས། རྟེན་གཞི་འཛུགས་སྐྲུན། ལས་སྣོན། ཞིང་ལས་ཡུལ་སྐོར་ཟུང་འབྲེལ་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་རིག་ནུས་དང་། ལག་རྩལ། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བྱས་ཡོད། “རྒྱ་སེ་མེ་ཏོག་གི་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ཐུབ་པ་ལས་ས་རྒོད་དག་རྒྱ་སེ་མེ་ཏོག་འདེབས་འཛུགས་དང་ལས་སྣོན་རྟེན་གཞིར་གྱུར་ནས། གྲོང་མི་མང་པོ་ཞིག་དངུལ་ལོར་ཁྲི་ལོན་དུད་ཚང་ནས་དངུལ་ལོར་ཁྲི་ཕྲག་ལོན་པའི་དུད་ཚང་ལ་གྱུར་ཡོད”ཅེས་མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཝང་ཧུའེ་ཡིས་དགའ་ཚོར་ཆེན་པོས་བཤད།

    ཀྲེ་ཅང་གི་གནས་སྦྱར་ལས་བྱེད་པ་བཙན་ལྷ་རྫོང་གི་རྫོང་དཔོན་གཞོན་པ་ཀྲའེ་ཅིན་ཅན་གྱིས་གྲོང་ཚོ་ཧྲིལ་པོའི་རྣམ་པ་སྒྱུར་བཀོད་དང་།“གྲངས་འཛིན་གྲོང་གསེབ་ཀྱི་པར་རིས”གཞོན་ནུ་ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་མའོ་ཧྲུའེ་གྲོང་ཚོར་དོན་འཁྱོལ་བྱས་པས“ཐུན་མོང་འབྱོར་ཕྱུག་གྲོང་ཚོའི”འཕེལ་རྒྱས་གཏོང་སྟངས་ཤིག་གྲུབ་བཞིན་ཡོད་ཅེས་བཤད།

    2023ལོའི་ལོ་མཇུག་བར། བཙན་ལྷ་རྫོང་གི་རྒྱ་སེ་མེ་ཏོག་འདེབས་ཁྱོན་མུའུ་ཁྲི་1.5ཟིན་ནས་ཤང་དང་གྲོང་རྡལ་13གྱི་གྲོང་ཚོ་46གི་དུད་ཚང་3300ལྷག་ཙམ་ལ་ཁྱབ་འགྱེད་ཐུབ་པའི་ནང་དབུལ་སྒྲོལ་དུད་ཚང་1058ཡོད་པ་དང་། རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཁྲི་5000ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གསུམ་རིང་ཀྲེ་ཅང་གིས་སི་ཁྲོན་དུ་རོགས་སྐྱོར་རྣམ་གྲངས་ཁག་2481ལག་བསྟར་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་125གཏོད་རོགས་བྱས་ཡོད། གྲོང་གསེབ་མཛེས་སྡུག་ལྡན་པ་དང་ཞིང་པ་བདེ་ལ་འཁོད་པའི་གྲོང་གསེབ་གསར་པའི་རྣམ་པ་མཛེས་སྡུག་ལྡན་པའི་རི་ཀླུང་ཁྲོད་མངོན་པ་དང་མཛའ་གྲོགས་ཀྱི་བསྟོད་གླུ་རེ་རེ་པ་ཧྲུའུ་ཡི་ས་གཞི་ཆེན་པོར་བསྒྲགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།