དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་པར་ཙིར་གྱི་ཁྲོམ་རར་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-12

    ཉེ་བའི་ལོ་ཤས་རིང་ཀྲུང་གོའི་སྤུས་རྟགས་རླངས་འཁོར་དང་ལྷག་པར་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་པར་ཙིར་གྱི་འཛད་སྤྱོད་པས་དགའ་པོ་བྱེད་པ་དང་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་པར་ཙིར་གྱི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་དེས་ཀྲུང་གོའི་རླངས་འཁོར་ཐོན་ལས་ཀྱི་སྟོབས་ཤུགས་ཆེན་པོ་དང་གསར་གཏོད་ནུས་པ་མངོན་པ་མ་ཟད། པར་ཙིར་གྱི་འགྲིམ་འགྲུལ་ལས་རིགས་ཀྱི་ནུས་རྒྱུ་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལའང་རམ་འདེགས་ཐུབ་ཡོད།

    ཀྲུང་གོའི་རླངས་འཁོར་ལ་འཛད་སྤྱོད་པས་དགའ་པོ་བྱེད་པ།

    ཉེ་དུས་པར་ཙིར་གྱི་ཧྲེང་པའོ་ལུའོ་དང་ལི་གཡོད་རེ་ནེ་ལུའུ་སོགས་གྲོང་ཁྱེར་དུ་པི་ཡ་ཏི་དང་ཁྲང་ཁྲེང་སོགས་ཀྲུང་གོའི་སྤུས་རྟགས་རླངས་འཁོར་གྱི་ཚོང་ཁང་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་རེད། ཚོང་ར་ཆེ་གྲས་མང་པོ་ཞིག་ཏུ་ཀྲུང་གོའི་སྤུས་རྟགས་རླངས་འཁོར་གྱི་འགྲེམས་སྟེགས་བཙུགས་པར་ས་གནས་དེ་གའི་འཛད་སྤྱོད་པ་མི་ཉུང་བ་ཞིག་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།

    པར་ཙིར་གྱི་འཕེལ་རྒྱས་དང་། བཟོ་ལས། ཚོང་དོན། ཞབས་ཞུ་པུའི་ཕྱི་ཕྱོགས་ཚོང་དོན་དྲུང་ཡིག་ཁྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཀྲུང་གོས་པར་ཙིར་ལ་འགྲུལ་སྐྱེལ་རླངས་འཁོར་ཕྱིར་གཏོང་དངུལ་འབོར་372.4%འཕར་བ་དང་དངུལ་འབོར་ཨ་སྒོར་དུང་ཕྱུར་7.62ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་པ་བཏོད་ཡོད། པར་ཙིར་གྱི་རྒྱལ་ཡོངས་འཕྲུལ་སྒུལ་འཁོར་རིགས་བཟོ་མཁན་མཐུན་ཚོགས་ཀྱི་གྲངས་གཞིར་གཞིགས་ན། 2023ལོ་ཧྲིལ་པོར་པར་ཙིར་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་ཁྲི་4.2ཙམ་བར་འཕར་བ་དང་དངུལ་འབོར་ཨ་སྒོར་དུང་ཕྱུར་10.86ཟིན་ཡོད་པ་རེད།

    པར་ཙིར་གྱི་ཀྲུང་གོའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ནང་དོན་དང་ཞིབ་འཇུག་པུའི་ཀྲུའུ་རེན་ཐུའུ་ལི་ཨའོ·ཁ་ལེ་ལུའོ་ཡིས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཁྲོད་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་ཐོན་རྫས“ཀྲུང་གོའི་ལན་པར”ཙམ་མ་ཡིན་པར་ད་དུང“ཀྲུང་གོའི་ཇུས་འགོད”ཀྱང་ཚུད་ཡོད། ཀྲུང་གོའི་ཐོན་རྫས་ཀྱི་སྤུས་ཚད་ལ་ཁས་ལེན་ཐོབ་པ་དང་ཀྲུང་གོའི་རླངས་འཁོར་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། ལྷག་པར་དུ་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་པར་ཙིར་གྱི་ནུས་རྒྱུ་ཕྱོགས་སྒྱུར་གྱི་དགོས་མཁོ་དང་མཐུན་ཡོད་ཅེས་བརྗོད་པ་རེད།

    པར་ཙིར་གྱི་རླངས་འཁོར་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བར་རམ་འདེགས་བྱས་པ།

    པར་ཙིར་འཕེལ་རྒྱས་དང་། བཟོ་ལས། ཚོང་དོན། ཞབས་ཞུ་པུའི་དྲུང་ཡིག་ཐ་ཏི་ཡ་ནཱ·ཕུའུ་ལ་ཙེ་ལེ་སིས་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་པར་ཙིར་ལ་རླངས་འཁོར་ཕྱིར་གཏོང་བྱེད་པ་དང་དུས་མཚུངས་ས་གནས་དེ་གར་མ་འཇོག་ཐོན་སྐྱེད་བྱས་ནས་ཁྲོམ་ར་དང་སྤུས་རྟགས་ཟམ་མི་ཆད་པར་བཏོད་ཡོད། པར་ཙིར་གྱི་ཀྲུང་གོའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2022ལོར་ཀྲུང་གོས་པར་ཙིར་ལ་མ་འཇོག་བྱས་པའི་དངུལ་འབོར་ཁྲོད་རླངས་འཁོར་ལས་རིགས་ཀྱིས་28%བཟུང་ཡོད་ཅེས་བརྗོད། པར་ཙིར་གྱི་རྒྱལ་ཡོངས་རླངས་འཁོར་བཟོ་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་མར་ཤིས་ཨའོ·ལའེ་ཐེ་ཡིས་ཀྲུང་གོའི་རླངས་འཁོར་བཟོ་མཁན་ཚོང་པ་པར་ཙིར་དུ་ཡོང་བར་པར་ཙིར་གྱི་རླངས་འཁོར་ལས་རིགས་ཀྱིས་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། དེ་ལས་པར་ཙིར་གྱིས་མ་གནས་དེ་བས་དམའ་བའི་ཐོག་ནས་ནུས་རྒྱུ་གསར་པའི་རླངས་འཁོར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་ཐུབ་ཅེས་བརྗོད། པར་ཙིར་གྱི་ཀྲུང་གོའི་ཚོང་དོན་རིག་གནས་འཕེལ་རྒྱས་མཉམ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ལི་ཨའོ·ཨའེ་སི་ཐེ་ལེ་ལཱ་ཡིས་ཀྲུང་གོའི་རླངས་འཁོར་བཟོ་མཁན་ཚོང་པའི་མ་རྩ་གཙོ་བོ་བཟོ་གྲྭ་འཛུགས་སྐྲུན་དང་། ཐོན་སྐྱེད་སྒྲུབ་རིམ་དེང་རབས་ཅན་གྱི་སྒྱུར་བཀོད། ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་སྤྱོད་ཀྱི་ཡོད། ལས་ཞུགས་ལས་གནས་གཏོད་པ་དང་ཆབས་ཅིག་ལྷུ་ལག་མཁོ་འདོན་ཚོང་པ་མ་རྩ་བྱེད་པར་ཡོང་བའི་ཡིད་དབང་བཀུག་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། པར་ཀྲུང་ཁེ་ལས་དབར་གྱི་མཉམ་ལས་ལས་ཆེད་ལས་ཤེས་བྱ་སྤེལ་རེས་དང་ལས་རིགས་གསར་གཏོད་ལ་ཕན་ཐོགས་ཡོད་པ་དང་པར་ཙིར་གྱི་རླངས་འཁོར་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱེད་ཐུབ་ཅེས་བརྗོད་པ་རེད།

    པར་ཙིར་དུ་གློག་སྒུལ་རླངས་འཁོར་ཁྱབ་གདལ་གཏོང་བར་སྒུལ་ཤུགས་དེ་བས་མང་བ་བསྣན་པ།

    ཉེ་བའི་ལོ་ཤས་རིང་པར་ཙིར་གྱི་གློག་སྒུལ་རླངས་འཁོར་བྲིན་ཁ་རྒྱུག་ཚད་མགྱོགས་མྱུར་འཕར་ཡོད། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པར། 2030ལོར་སླེབས་སྐབས་གློག་སྒུལ་རླངས་འཁོར་གྱིས་པར་ཙིར་གྱི་རླངས་འཁོར་བདག་ཡོད་གྲངས་ཚད་ཀྱི་10%ཟིན་རྒྱུ་ཡིན་པ་རེད། ཀྲུང་གོའི་སྤུས་རྟགས་གློག་སྒུལ་རླངས་འཁོར་གྱིས་པར་ཙིར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་པར་ཙིར་གྱི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

    པར་ཙིར་གྱི་གློག་སྒུལ་རླངས་འཁོར་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོ་ཧྲིལ་པོར་ཕྱིར་ཚོང་བྱས་པའི་གློག་སྒུལ་རླངས་འཁོར་ཁྲི་9.4ཙམ་གྱི་ཁྲོད་ཁྲང་ཁྲེང་ཧ་ཧྥུ་H6བྲིན་ཁ་རྒྱུག་ཚད་ཨང་གཉིས་པ་ཡིན་པ་དང་པི་ཡ་ཏི་དང་ཆི་རུའེ་སོགས་རླངས་འཁོར་མང་པོ་ཞིག་བྲིན་ཁ་རྒྱུག་ཚད་ཀྱང་མདུན་གྲལ་དུ་སླེབས་ཡོད་པ་རེད། 2023ལོར་བྲིན་ཁ་རྒྱུག་ཚད་མང་ཤོས་ཀྱི་གློག་སྒུལ་རྐྱང་པའི་རླངས་འཁོར་15ཡི་ཁྲོད་པི་ཡ་ཏི་མཚོ་ཕག་རྟགས་ཅན་བྲིན་ཁ་རྒྱུག་ཚད་ཨང་དང་པོ་ཡིན་པ་དང་པི་ཡ་ཏི་དང་། ཁྲང་ཁྲེང་། ཅང་ཧོའེ་སོགས་ཀྲུང་གོའི་སྤུས་རྟགས་རླངས་འཁོར་6མིང་གྲལ་ནང་ཚུད་ཡོད་པ་རེད། པར་ཙིར་གྱི་སྨྱན་སྦྱོར་གྱིས་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་པར་ཙིར་དུ་གློག་སྒུལ་རླངས་འཁོར་གསར་པ་རྒྱུན་ཆད་མེད་པར་བཏོན་པ་དེས་པར་ཙིར་གྱི་གློག་སྒུལ་རླངས་འཁོར་ཁྱབ་གདལ་གཏོང་བར་སྒུལ་ཤུགས་དེ་བས་མང་བ་བསྣན་རྒྱུ་རེད་ཅེས་བརྗོད་པ་རེད།

    པར་ཙིར་གྱི་ཙུང་ཐུང་གཞོན་པ་ཨར་ཁེ་མིང་གིས་ཀྲུང་གོའི་སྔོན་ཐོན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་ལྗང་མདོག་འཕེལ་རྒྱས་ལག་རྩལ་གྱིས་ཚན་རྩལ་གསར་གཏོད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་གྱི་ཡོད་པ་དང་དེས་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་མ་ཟད། པར་ཙིར་གྱི་བཟོ་ལས་དེང་རབས་ཅན་ལ་དེ་བས་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།