བོད་ཀྱི་ས་ཁུལ་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་བཏང་བ།
ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་བ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་དང་བླངས་པ་དང་རྒན་རྒོན་ཚོས་མཉམ་དུ་ལོ་སྒྲིལ་འབྲས་ཆན་བསྒྲིལ་བཞིན་པ།
ཟླ་6ཚེས་7ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ“ང་ཚོའི་དུས་ཆེན། ལྔ་པའི་ཚེས་ལྔའི”བྱེད་སྒོ་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་གདན་དྲངས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་གཏོང་བཞིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས“རྒྱ་ཚར་བོད་ལུགས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བཞིན་པ།
ཟླ་6ཚེས་7ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གུར་ས་གྲོང་ཚོས་བཟའ་བཏུང་ཁེ་ལས་དང་མཉམ་དུ“ལྔ་པའི་ཚེས་ལྔའི་དུས་ཆེན་ལ་དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་སྤེལ་བཞིན་པ།
ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་བ་ལས་སྲོལ་རྒྱུན་དུས་ཆེན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན་ཡོད་པ་རེད།
ལོ་གཅིག་དུས་གཅིག་གི་ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་བ་དང་བསྟུན་ནས་རང་ལྗོངས་ཀྱི་ས་ཁུལ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་བདེ་གསལ་སྒོ་ར་ཆེ་མོ་ནི་ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་སྒོ་ར་ཆེ་མོ་ཞིག་རེད། བདེ་གསལ་སྒོ་ར་ཆེ་མོའི་ནང་རྗེ་འབུམ་སྒང་སྡེ་ཁུལ་གྱི་ལས་དོན་པ་དང་། སྡེ་ཁུལ་གྱི“མཉམ་སྡོད་མཉམ་སྐྲུན་ཚན་པ” མི་རིགས་ཁག་གི་མང་ཚོགས། ཚོང་དུད་ཀྱི་འཐུས་མི་བཅས་མཉམ་དུ་འཛོམས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་བཏང་ཡོད། བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་སྒྲོག་འགྲེལ་པས“མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ”བརྗོད་དོན་གཙོ་བོར་བྱས་ཏེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གསོན་ཉམས་དོད་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལས་མི་རིགས་ཁག་གི་མང་ཚོགས་ལ་བློ་སེམས་གཅིག་མཐུན་བྱུང་ཡོད། དེ་རྗེས་མུ་མཐུད་ནས་རྐུབ་བཀྱག་འཕྲོག་རེས་དང་ལྒང་ཕུག་རྫི་བ་སོགས་ཀྱི་རོལ་རྩེད་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ཡོད།
ཀརྨ་དགོན་གསར་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སྡེ་ཁུལ་དང་མཉམ་འབྲེལ་བྱས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལྔ་པའི་ཚེས་ལྔའི་དུས་ཆེན་མཉམ་དུ་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད། བྱེད་སྒོར་ཞུགས་མཁན་གྱི་གྲས་སུ་གྲོང་མིའི་འཐུས་མི་རུ་ཁག་ཁག་དང་། ཀརྨ་དགོན་གསར་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག སྡེ་ཁུལ་ཡོངས་ཀྱི་ལས་དོན་མི་སྣ་བཅས་ཕུད། ད་དུང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་7ཆེད་མངགས་གདན་དྲངས་ཡོད་པ་རེད། བྱེད་སྒོའི་ནང་དོན་སྣ་མང་ཕུན་སུམ་ཚོགས་ཤིང་། ལོ་སྒྲིལ་འབྲས་ཆན་བཟོ་བ་ཕུད། ད་དུང་གབ་ཚིག་ཤོད་པ་དང་། རྐུབ་བཀྱག་འཕྲོག་རེས་བྱེད་པ། སྒོར་གཞས་རྒྱག་པ་སོགས་ཀྱི་སྤྲོ་འཕེལ་བྱེད་སྒོ་ཡང་སྤེལ་ཡོད།
ཟླ་6ཚེས་7ཉིན་ཆབ་མདོ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་80དང་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ“ལོ་སྒྲིལ་འབྲས་ཆན་གྱི་དྲི་ཞིམ་གང་སར་འཐུལ། ལྷག་བསམ་རྣམ་དག་གིས་ཏང་གི་བཀའ་དྲིན་ཚོར”ཞེས་པའི་བརྗོད་དོན་གཙོ་བོའི་ལྔ་པའི་ཚེས་ལྔའི་དུས་ཆེན་བཏང་བ་རེད།
བྱེད་སྒོ་འགོ་ཚུགས་མ་ཐག་ཚང་མས《ཀྲུང་གོའི་དུས་ཆེན་ཏེ། ལྔ་པའི་ཚེས་ལྔའི་དུས་ཆེན》ཞེས་པའི་བརྙན་ལམ་མཉམ་དུ་བལྟས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་སྔར་བས་ཤེས་རྟོགས་བྱས་ཡོད། དེ་རྗེས་ཀྱི་ལོ་སྒྲིལ་འབྲས་ཆན་སྒྲིལ་བའི་བརྒྱུད་རིམ་ནང་ཚང་མས་རང་ཉིད་ཀྱི་འཇོན་ཐང་ངོམ་སྟེ་ལོ་སྒྲིལ་འབྲས་ཆན་བསྒྲིལ་ཡོད།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཉིས་ཁེ་གཉིས་ཕན་སྒོ་རྩིས་ཚོང་ཁང་དང་ཆུས་དམངས་སྲིད་ཅུས་དང་མཉམ་དུ“རྒན་གསོ་ཁང་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བརྩེ་སེམས་མཚོན་པར་བྱེད་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་དང་གཅེས་སེམས་ཁེ་ལས་གཉིས་ཁེ་གཉིས་ཕན་གྱི་སྒོ་རྩིས་ཚོང་ཁང་དང་དམངས་སྲིད་ཅུས་ཀྱི་ལས་དོན་པ་དང་བཅས་པས་རྒན་རྒོན་ཚོ་དང་མཉམ་དུ་ལོ་སྒྲིལ་འབྲས་ཆན་ཟ་བཞིན་དུ་སྤེལ་རེས་བྱས་ནས་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་ཁོང་ཚོའི་སེམས་གཏིང་གི་སྐད་ཆ་དང་རེ་བ་ཉན་པ་རེད། དེ་རྗེས་ལས་དོན་པས་རྒན་རྒོན་ཚོ་དང་མཉམ་དུ་གླུ་གཞས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་བླངས་པས་ས་གནས་ས་ཐོག་གི་རྣམ་པ་དེ་བས་འཆམ་མཐུན་ལྡན་པ་ཞིག་བྱུང་སྟེ་རྒན་རྒོན་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ལས་ཁུངས་ཏང་ཀྲི་པུས“ང་ཚོའི་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལོ་སྒྲིལ་འབྲས་ཆན་བཟོས་ནས་གཅེས་སེམས་མཚོན་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ལ་དགོད་སྒྲས་ཁེངས། ལོ་སྒྲིལ་འབྲས་ཆན་བསྒྲིལ་རྗེས་དང་བླངས་པ་ཚོས་འཕྲལ་དུ་ཁོངས་གཏོགས་ཁུལ་གྱི་མི་ཧྲེང་རྒན་རྒོན་གྱི་ཁྱིམ་དུ་བསྐྱལ་ཡོད། ལོ་སྒྲིལ་འབྲས་ཆན་རག་པའི་རྒན་རྒོན་ཚོ་དགའ་སྤྲོ་རབ་ཏུ་འཕེལ་ནས་ལོ་སྒྲིལ་འབྲས་ཆན་ལས་མཚོན་པའི་གཅེས་སེམས་དང་སྨོན་འདུན་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ལག་རྟགས་ཡག་ཤོས་ཤིག་རེད་ཅེས་བཤད།
གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་ཤང་དང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་གིས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་གོམས་སྲོལ་སྔར་བས་རྒྱུན་འཛིན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ཡོད། དགྱེས་རུ་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ“ལྔ་པའི་ཚེས་ལྔའི་དུས་ཆེན་ལ་མཉམ་འཛོམས་བྱས་ནས་སྲོལ་རྒྱུན་མཉམ་དུ་གླེང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་རེད། ལོ་སྒྲིལ་འབྲས་ཆན་ཟ་བ་དང་ཆབས་ཅིག་ཚང་མས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བྱས་པ་རེད། ཚང་མས་བག་ཡངས་ལ་སྤྲོ་སྣང་དོད་པའི“ལྔ་པའི་ཚེས་ལྔའི་སྲོལ་རྒྱུན་ག་ཚོད་ཤེས་སམ”ཞེས་པའི་ཤེས་བྱ་ཁྱབ་གདལ་དང་ལན་འདེབས་བྱེད་སྒོ་འཁྲུག་ཆ་དོད་པོ་ཡོད་པ་རེད། དགྱེས་རུ་ལྷ་ཁང་དུ་གྲོ་མོ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ལས་དོན་ཅུས། དགྱེས་རུ་ལྷ་ཁང་དོ་དམ་ཨུ་ལྷན། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཏང་ཀྲི་པུའུ་བཅས་ཀྱིས་མཉམ་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འབྲེལ་ཡོད་བྱེད་སྒོ་སྤེལ་ནས་ལོ་སྒྲིལ་འབྲས་ཆན་མཉམ་དུ་ཟ་བ་དང་སྲོལ་རྒྱུན་རིག་གནས་ཀྱི་མཛེས་སྡུག་མཉམ་དུ་མྱོང་རོལ་བྱས་པ་རེད།