དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡེ་ཁུལ་མང་ཚོགས་ཀྱི་ཧྲུའུ་ཅི་ཡག་པོ།

    —— སྐབས་དྲུག་པའི་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བསམ་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-12

    ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་ཁུལ་ནས་ཆུ་ཚོད་4དང་ཕྱེད་ཀ་ཙམ་བསྐྱོད་རྗེས་གསར་འགོད་པ་ཡུལ་ལྗོངས་ལྟ་ན་སྡུག་པ་དང་ས་བབ་མཐོ་ཚད་སྨི་3000ཡས་མས་ཀྱི་མཐའ་མཚམས་གྲོང་རྡལ་ཆུང་ངུ་སྟེ། ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་དུ་སླེབས་ནས་2024ལོའི་སྐབས་དྲུག་པའི་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བསམ་གྲུབ་ལ་བཅར་འདྲི་བྱས།

    “ཁྱེད་རང་ང་ཚོའི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཧྲུའུ་ཅི་བསམ་གྲུབ་འཚོལ་བར་ཡོང་ན། གཏན་གཏན་རྙེད་ཀྱི་མ་རེད། ཁོང་སྤྱིར་བཏང་གཞུང་ལས་ཁང་དུ་སྡོད་པའི་ལུགས་སྲོལ་མེད། ཉིན་ལྟར་ཕྱི་ལ་འགྲོ་གི་རེད”ཅེས་ལྷ་ཁང་སྡེ་ཁུལ་གྱི་ལས་དོན་མི་སྣས་གསར་འགོད་པའི་ཡོང་དོན་ཤེས་རྗེས། ཁ་པར་རྒྱག་འགོ་ཚུགས།

    ཡུད་ཙམ་སོང་རྗེས་མིང་ལ་ལིའུ་ཁྲེང་ཁྲེང་ཟེར་བའི་སྡེ་ཁུལ་གྱི་ལས་དོན་མི་སྣ་ཞིག་ཡོང་ནས“ཧྲུའུ་ཅི་བསམ་གྲུབ་སྡེ་ཁུལ་གྱི་ཆུ་ཚན་རྣམ་གྲངས་འཛུགས་སྐྲུན་བྱེད་སར་འདུག ངས་ཁྱེད་ཚོ་ཁྲིད་ཆོག”ཅེས་བཤད།

    རླངས་འཁོར་རི་ལམ་ནས་སྐར་མ་20ལྷག་ཙམ་བསྐྱོད་ནས་ཕུག་ལམ་ཞིག་བརྒྱུད་རྗེས། མཐར་གསར་འགོད་པས་ངོ་གདོང་ནག་ལ་ཡར་སྐྲ་དཀར་པོ་ཆགས་པ་དང་འཛུགས་སྐྲུན་ལས་ཡུལ་གྱི་ལས་བཟོ་ཚོ་དང་གླེང་མོལ་བྱེད་བཞིན་པའི་བོད་རིགས་ཀྱི་སྐྱེས་པ་དེ་མཐོང་བྱུང་།

    “ལོ་འདི་དག་རིང་ཧྲུའུ་ཅི་བསམ་གྲུབ་ཀྱི་སྣེ་ཁྲིད་འོག་ལྷ་ཁང་སྡེ་ཁུལ་འཕེལ་རྒྱས་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་དུ་ཡོང་མཁན་ཡང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།

    ད་ལོའི‘ལྔ་གཅིག’གུང་གསེང་རིང་ང་ཚོའི་མགྲོན་ཁང་ཚང་མ་ཁེངས་སོང་། སྡེ་ཁུལ་གྱི་ཆུ་ཚན་རྣམ་གྲངས་འཛུགས་སྐྲུན་ལ་ཧྲུའུ་ཅི་བསམ་གྲུབ་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། རྟག་ཏུ་དེ་གར་ལྟ་བར་ཡོང་གི་ཡོད”ཅེས་ལིའུ་ཁྲེང་ཁྲེང་གིས་གསར་འགོད་པར་བཤད།

    1973ལོར་བསམ་གྲུབ་ལྷ་ཁང་སྡེ་ཁུལ་དུ་སྐྱེས་པ་དང་1992ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2021ལོར་མང་ཚོགས་ཀྱིས་ལྷ་ཁང་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་རེད། སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས་ནས་ལོ་གསུམ་ཙམ་ལས་ཕྱིན་མེད་ཀྱང་ས་གནས་དེ་གའི་མང་ཚོགས་ཀྱི་སེམས་སུ་1994ལོ་ནས་བསམ་གྲུབ་ནི་ཚང་མས་ཁས་བླངས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད། ད་ཆ་བསམ་གྲུབ་ནི་སྡེ་ཁུལ་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་ཧྲུའུ་ཅི་ཡག་པོ་ཞིག་ཏུ་གྱུར་ཡོད།

    1994ལོར་གཉེན་སྒྲིག་བྱས་མ་ཐག་པའི་བསམ་གྲུབ་ཀྱིས་སྡེ་ཁུལ་དུ་རྒྱ་ཟོག་ཚོང་ཁང་ཞིག་བཙུགས། ནང་མིའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཚོང་ཁང་གི་ཚོང་ཟོག་དེ་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། བསམ་གྲུབ་ཀྱིས་ཟོག་འདྲེན་རླངས་འཁོར་གཏོང་སྟངས་སྦྱངས་ནས་རྟག་ཏུ་ལྷ་ས་དང་ལྷོ་ཁ་གྲོང་ཁུལ་དུ་དངོས་ཟོག་འཐེན་པར་འགྲོ་བའམ་ཡང་ན་ཐག་རིང་དུ་སྐྱེལ་འདྲེན་བྱེད་པར་འགྲོ་གི་ཡོད།

    གསོག་དངུལ་འགའ་བྱུང་རྗེས། བསམ་གྲུབ་ལ་བསམ་ཚུལ་གསར་པ་ཞིག་བྱུང་ཞིང་། “སྐབས་དེ་དུས་ང་ཕྱི་ནས་རླངས་འཁོར་བཏང་ནས་ལོག་ཡོང་སྐབས། ལྷ་ཁང་གྲོང་རྡལ་གྱི་གཙང་འགྲམ་ལམ་རྟག་ཏུ་བརྡིབས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་ཆེ་ཙམ་འདུག་པས། ངས་ཐབས་ཤེས་བཏོན་ཏེ་ལམ་གསར་པ་ཞིག་སྐྲུན་ཐུབ་ཨེ་ཡོང་བསམ་བྱུང”ཞེས་ཁོང་གིས་ཕྱིར་དྲན་བྱེད་བཞིན་བཤད།

    ཁ་བཤད་བྱ་བ་འཕྲལ་དུ་རྩོམ། བརྩམས་པའི་ལས་དེ་ལེགས་པར་སྒྲུབ། བསམ་གྲུབ་ཀྱིས་སྒོར་ཁྲི་20བཏང་ནས་ཨར་ལས་རུ་ཁག་བཙལ་ཏེ་ལྷ་ཁང་གྲོང་རྡལ་གྱི་གཙང་འགྲམ་ལམ་དེ་བསྐྱར་དུ་བསྐྲུན། ལམ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་མ་ཟད། བསམ་གྲུབ་ས་གནས་དེ་གར་སྐད་གྲགས་ཆོད།

    ངོ་སྤྲོད་བྱས་པར་གཞིགས་ན། 1999ལོ་ནས་2008ལོའི་བར་གྱི་ལོ་10ཙམ་རིང་། བསམ་གྲུབ་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཧུར་ཐག་བྱས་པ་དང་རང་འགུལ་ངང་འགན་ཁུར་ནས་ནང་མིའི་སྣེ་ཁྲིད་དེ་ལྷ་ཁང་སྡེ་ཁུལ་ཚོགས་ཆུང་དང་པོའི་ས་རྒོད་མུའུ་200ཡི་སར་སྦྱར་སྡོང་བཏབ་པས་རི་རྒོད་སྔོ་ལྗང་ཅན་དུ་གྱུར། 2011ལོར་བསམ་གྲུབ་ལ་རྒྱལ་ཡོངས་ཀྱི་སྔོ་འགྱུར་ངལ་རྩོལ་དཔེ་བཟང་བའི་དམིགས་བསལ་གཟི་བརྗིད་ཐོབ།

    ལྷ་ཁང་གྲོང་རྡལ་ནི་མཐའ་མཚམས་སུ་གནས་པ་དང་ལོ་ལྟར་དགུན་དུས་ཁ་བ་ཆེན་པོས་རི་ལམ་བཀག་ནས་ཕྱི་རོལ་གྱི་སྔོ་ཚལ་དབོར་འདྲེན་བྱེད་མི་ཐུབ་པར་བརྟེན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་སྔོ་ཚལ་སོས་པ་ཟ་ཐབས་བྲལ།

    གནད་དོན་འདི་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། རྒྱུན་དུ་ཕྱི་རོལ་དུ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བའི་བསམ་གྲུབ་ཀྱིས་ལྷོ་ཁ་གྲོང་ཁྱེར་དང་ལྷ་སའི་གྲོང་འདབས་ནས་མཐོང་མྱོང་བའི་སྔོ་ཚལ་དྲོད་ཁང་ཆེན་པོ་དེ་དག་བློ་ལ་འཆར་ནས་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ཏེ་དེར་སྔོ་ཚལ་བཏབ་ནས་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུའི་བསམ་བློ་འཁོར། བསམ་ཕོད་པ་དང་བྱེད་ཕོད་པའི་བསམ་གྲུབ་ཀྱིས་སྒོར་ཁྲི་4.4བཏང་ནས་མང་ཚོགས་12ལྷ་སར་དྲོད་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་ཁྲིད། ད་ཆ་ལྷ་ཁང་སྡེ་ཁུལ་དུ་སྔོ་ཚལ་དྲོད་ཁང་བཅུ་ལྷག་ཙམ་ཡོད་པ་དང་འདེབས་འཛུགས་བྱས་པའི་སྔོ་ཚལ་གྱི་རིགས་ལ་པད་ཚལ་དང་། ལོ་སྒོར་པད་ཚལ། ཚལ་ཀོ་པི། ཧོང་ཀྭ་སོགས་ཡོད། སྔོ་ཚལ་མཁོ་སྤྲོད་རང་ཁོ་རང་གསོ་ཐུབ་པ་ཕུད། ད་དུང་ལྷག་མ་ཕྱིར་ཚོང་བྱེད་ཀྱི་ཡོད།

    འཇོན་ཐང་ཆེ་བའི་དབང་གིས་2014ལོར་ཚང་མས་བསམ་གྲུབ་ལྷ་ཁང་སྡེ་ཁུལ་གྱི་ཨུ་ཡོན་དང་སྡེ་ཁུལ་ཚོགས་ཆུང་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པས་ཁོང་གི་ཕྲག་ཐོག་གི་ཁུར་པོ་ཡང་ལྕི་རུ་སོང་།

    སྡེ་ཁུལ་གྱི་མང་ཚོགས་ཚེ་རིང་མཚོ་མོ་ལོ་ཤས་གོང་བཟའ་ཚང་ཁ་བྲལ་ནས་སློབ་ཆེན་འགྲིམ་བཞིན་པའི་བུ་ཕྲུག་གཉིས་ཁོ་མོ་གཅིག་པུས་གསོ་དགོས་པ་དང་ཁོ་མོའི་ཕ་ཡང་ལོ་ན་རྒས་པས་ཁྱིམ་ཚང་གི་ཁུར་པོ་ཚང་མ་ཚེ་རིང་མཚོ་མོའི་ཕྲག་ཐོག་ཏུ་བབས།

    བསམ་གྲུབ་ཀྱིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་རྒན་རྒོན་གྱི་རྒྱུན་གཏན་འཚོ་བར་ལྟ་རྟོག་བྱས་ནས་ཚེ་རིང་མཚོ་མོའི་འཚོ་བའི་ཁུར་པོ་ཡང་དུ་གཏོང་རོགས་བྱས།

    སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་བསམ་གྲུབ་ཀྱིས་ལྷ་ཁང་སྡེ་ཁུལ་གྱི་ཚོགས་ཆུང་4ཡི་དུད་ཚང་224ཡི་མི་823གྱི་གནས་ཚུལ་ཚང་མ་རྡོ་ལ་རི་མོ་བརྐོས་པ་བཞིན་བློ་ལ་གསལ་པོར་ངེས་ཡོད།

    ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་ཆེད། བསམ་གྲུབ་ཀྱིས་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་དེ་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྒོར་ཁྲི་48.5བཏང་སྟེ་འབྲུ་སྣུམ་ལས་སྣོན་བཟོ་གྲྭ་ཞིག་བཙུགས་པ་དེས་སྡེ་ཁུལ་མང་ཚོགས་དང་དེ་བཞིན་ཉེ་འགྲམ་གྲོང་ཚོའི་མང་ཚོགས་ཀྱི་འབྲུ་སྣུམ་ལས་སྣོན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། “རྨང་བརྟན་དམངས་ཕན་དང་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་+སྡེ་ཁུལ་གྱི་མ་འཇོག”གི་བྱེད་ཐབས་སྤྱད་དེ་སྒོར་ཁྲི་25.6བཏང་ནས་ཏང་དམངས་དྲོ་སྐྱིད་ཇ་ཁང་བཙུགས་པ་ལས་མང་ཚོགས་3གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཇ་ཁང་དེ་ད་དུང་སྡེ་ཁུལ་གྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་གླེང་ས་དང་འགལ་བ་དང་རྩོད་གཞི་སེལ་སར་གྱུར་ཡོད།

    “ང་ཚོའི་སྡེ་ཁུལ་ནི་མཐུན་སྒྲིལ་དང་མཛའ་བརྩེ་ལྡན་པའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན། སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ངོས་ནས་ངས་ཧྲུའུ་ཅི་ཡག་པོ་ཞིག་བྱེད་པ་དང་ལས་ཀ་སྔར་བས་ཧུར་པོ་བྱས་ཏེ་ཚང་མའི་རེ་བ་སྟོང་ཟད་དུ་གཏོང་གི་མིན”ཞེས་ལྷ་ཁང་སྡེ་ཁུལ་མི་རིགས་མཐུན་སྒྲིལ་རིག་གནས་ཐང་ཆེན་དུ་ལངས་ནས་རི་ལྡེབས་ཀྱི་སྔོ་ཐིང་ཐིང་གི་ལྗོན་ཤིང་ལ་ལྟ་བཞིན་དུ་བསམ་གྲུབ་ཀྱིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།