སོན་ལས་དར་རྒྱས་གཏོང་བའི“ལོ་གསུམ་རྨང་གཞི་འདིང་བའི”ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
ཟླ་6ཚེས་7ཉིན། ཞིང་ལས་གྲོང་གསེབ་པུས་སོན་གྱི་ཐོན་ལས་དར་རྒྱས་བྱ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་ཕྱོགས་སྡོམ་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་ནས། “ལོ་གསུམ་རྨང་གཞི་འདིང་བའི”ལས་དོན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་དེར་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ་བྱས་ཐོག་སོན་གྱི་ཐོན་ལས་དར་རྒྱས་གཏོང་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། སོན་གྱི་ཐོན་ལས་དར་རྒྱས་གཏོང་བའི“ལོ་ལྔར་གྲུབ་འབྲས་ཐོབ་པར་བྱེད་པའི”ལས་དོན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2021ལོ་ཚུན་དུ། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སོན་གྱི་ཐོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ཆེ་གྲས་ལྔའི་དུས་མཚམས་རང་བཞིན་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཞིང་ལས་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་ལས་དོན་ལེགས་གྲུབ་བྱུང་ནས་སོན་གྱི་ཐོན་ལས་གསར་གཏོད་འགག་སྒྲོལ་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་པ་མ་ཟད། ད་དུང་རྒྱལ་ཁབ་སོན་གྱི་ཐོན་ལས་ཁེ་ལས་ཀྱི་དཔུང་ཁག་ཀྱང་བཙུགས་པས། ལེགས་ལྡན་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་རྟེན་གཞིའི་སོན་རྒྱུ་མཁོ་འདོན་གྱི་འགན་ལེན་ནུས་པ་ལོ་གསུམ་གོང་གི་70%ནས་75%ཡན་བར་འཕར་བ། སོན་གྱི་ཐོན་ལས་གསར་གཏོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་བྱུང་ནས་འབྲུ་རིགས་འགན་ལེན་དང་ཞིང་ལས་ཐོན་རྫས་གལ་ཆེན་བདེ་འཇགས་ལྡན་ལ་བརྟན་པོའི་ངང་མཁོ་འདོན་བྱེད་པར་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།
སོན་གྱི་ཐོན་ལས་དར་རྒྱས་གཏོང་བའི་ལས་དོན་སྔར་བཞིན་འགག་སྒྲོལ་དཀའ་སེལ་དང་ལ་བརྒལ་ཉག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་ལ“ལོ་ལྔར་གྲུབ་འབྲས་ཐོབ་པར་བྱེད་པའི”དམིགས་ཚད་ལས་འགན་ལ་དམིགས་ནས་སོན་རྒྱུའི་ཐོན་ཁུངས་གནད་སྨིན་དཔྱད་འདོམས་དང་བེད་སྤྱོད་བྱེད་མགྱོགས་སུ་གཏོང་བ་དང་། སོན་གྱི་ཐོན་ལས་གསར་གཏོད་འགག་སྒྲོལ་དང་ཚད་བརྒལ་རང་བཞིན་གྱི་ས་བོན་སྐྱེད་སྲིང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལེགས་ལྡན་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་ནུས་ལྡན་བྱེད་པ། སོན་གྱི་ཐོན་ལས་རྟེན་གཞིའི་སོན་རྒྱུ་མཁོ་འདོན་འགན་ལེན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། སོན་གྱི་ཐོན་ལས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། 2025ལོར་སླེབས་སྐབས་སླར་ཡང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།