དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་སན་བུ་གྲོང་ཚོར།

    འབྱོར་འབྲིང་འཚོ་བར་རོལ། བདེ་སྐྱིད་འཛུམ་མདངས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་སན་བུ་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པ་དང་། རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་340དང་གྲོང་ཚོ་ཡོངས་ཀྱི་ཕྱུགས་རིགས་མགོ་གྲངས་25275ཟིན་ཞིང་། གྲོང་ཚོ་དེ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སན་བུ་གྲོང་ཚོའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ། འབྲོག་པའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་ཡུལ་མི་ཚོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།

    ནོར་ལུག་འཚོས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་མཁན། པད་མ།

    སན་བུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ན་གོང་མ་མཚེར་སའི་ལུག་དུས་ཐུང་རྒྱགས་གསོ་རྟེན་གཞིར་སླེབས་སྐབས། འབྲོག་པས་ཤ་ཤེད་རྒྱས་པའི་ལུག་རེ་རེ་བྱས་ཏེ་འདོགས་བཞིན་ཡོད་པ་དང་། དེ་མ་ཉིད་དུ་ལུག་གི་འབའ་སྒྲས་དམིགས་བསལ་ཁྱད་ཆོས་ལྡན་པའི་སྙན་དབྱངས་ཤིག་གྲུབ་ནས་གནམ་ས་ཡོངས་སུ་སྙན་པའི་སྒྲ་དབྱངས་ལྷང་ངེར་གྲགས།

    སན་བུ་གྲོང་ཚོའི་ལུག་དུས་ཐུང་རྒྱགས་གསོ་རྟེན་གཞིའི་འགན་འཁུར་བ་པད་མས“སྔོན་ཆད་མཉམ་ལས་ཁང་དུ་དུས་ཐུང་རྒྱགས་གསོའི་རྣམ་གྲངས་མེད་སྐབས་གྲོང་ཚོའི་ཕྱུགས་རིགས་བཤས་གྲངས་ཡོངས་ཁྱབ་ཀྱིས་དམའ་བ་ཡོད་པས་དཔལ་འབྱོར་ཕན་འབྲས་ཀྱང་ཡག་པོ་མེད། ད་ཆ་ཁྱེད་ཚོས་མཐོང་བའི་ལུག་དེ་དག་སྤྱིའི་ཆར་ཟླ་བ་ལྔ་ཙམ་རྒྱགས་གསོ་བྱས་རྗེས་བཤས་ཆོག་པ་དང་། ཐོན་ཚད་མཐོ་བས་རིན་གོང་ཡང་མཐོ་པོ་རག་གི་རེད”ཅེས་གསར་འགོད་པར་བཤད་བྱུང་།

    སན་བུ་གྲོང་ཚོའི་ལུག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་སྐོར་གླེང་སྐབས། པད་མས་ལུག་གསོ་སྤེལ་བྱས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་གཏམ་རྒྱུད་མི་གླེང་ཅི་ལ་སྲིད།

    འདི་ལོ་ལོ་53ལ་སླེབས་པའི་པད་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་ཡིན་པ་དང་། ཆུང་དུས་ནས་རྫི་བོ་བྱས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་པས་ནོར་ལུག་དང་འབྲེལ་བ་ཟབ་མོ་ཆགས་ཡོད། སྤྱང་གྲུང་འཛོམས་པའི་ཁོ་པས། ཁོམ་པ་ཡོད་རིམ་བཞིན་ཇི་ལྟར་བྱས་ནས་རང་ཁྱིམ་གྱི་ནོར་ལུག་གསོ་ཚགས་ཡག་པོ་བྱས་ཏེ་ནང་མི་འཚོ་བ་དེ་བས་ཡག་པོ་སྐྱེལ་རྒྱུ་ཡོང་བའི་ཐད་བསམ་བློ་ཡང་ཡང་གཏོང་གི་ཡོད།

    2008ལོར་པད་མས་ར་དཀར་པོའི་ཁུ་ལུ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་ཤེས་རྗེས། རང་ཁྱིམ་གྱི་ལུག་600ལྷག་ཙམ་ཚང་མ་ར་དཀར་པོར་བརྗེས་ནས་ར་དཀར་པོའི་གསོ་སྤེལ་ལག་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱས། དེ་ལྟར་ནང་མི་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་ལོ་དེར་པད་མས་རའི་ཁུ་ལུ་བཙོངས་པ་ཁོ་ནར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བ་རེད།

    “མ་གཞི་ལོ་གཉིས་རིང་རའི་ཁུ་ལུ་བཙོངས་པར་ཡོང་འབབ་མི་དམན་པ་རག་བྱུང་། འོན་ཀྱང་ར་དཀར་པོ་གསོ་ཚགས་བྱེད་པར་དུས་ཚོད་དང་སེམས་ནུས་དེ་བས་མང་བ་བརྒྱབ་ནས་གཡོག་བྱེད་ཞིབ་ཚགས་བྱེད་དགོས་འདུག ང་ཚོ་ནང་མི་ཚོས་ལས་འབོར་ཆེན་པོ་དེ་འདྲ་མི་ལྕོགས་པས་ར་མུ་མཐུད་གསོ་ཐུབ་མ་སོང”ཞེས་པད་མས་ཕྱིར་དྲན་བྱེད་ཀྱིན་བཤད།

    2011ལོར་པད་མས་སླར་ཡང་སེམས་ནུས་ཡོད་ཚད་ལུག་གསོ་སྤེལ་བྱེད་པར་བཞག་ཅིང་། ཁོང་གིས་སྔོན་གྱི་ར་དཀར་པོ་དེ་དག་ཡུལ་མི་ཚོ་དང་བརྗེས་ནས་ཡང་བསྐྱར་ལུག་500གསོས་ནས་བཙོངས་པར་ཁེ་བཟང་ཡག་པོ་རག ཉེ་བའི་ལོ་ཤས་རིང་འབྲི་གཡག་ལ་ཁེ་བཟང་ཆེན་པོ་རག་གི་ཡོད་པ་པད་མས་ཤེས་རྗེས་ཁོང་གིས་སླར་ཡང་བློ་ཐག་ཆོད་པོས་འབྲི་གཡག་གསོས་ཤིང་། ད་ཆ་ཁོང་གི་ཁྱིམ་དུ་འབྲི་གཡག་མགོ་གྲངས་བརྒྱ་ལྷག་ཙམ་ཡོད་པ་རེད།

    ལོ་དེ་དག་ནང་པད་མས་ལས་ཀ་བྱེད་སེམས་ཆེན་པོ་དང་འབྲོག་ལས་འཕེལ་རྒྱས་ལ་དམིགས་བསལ་གྱི་རྒྱུས་མངའ་ཡོད་པར་བརྟེན་ནོར་ལུག་སྔར་བས་གསོ་ཚགས་ཡག་པོ་བྱས་པས། ལོ་ཤས་བསྟུད་མར་ལོ་རེའི་འབྲོག་ལས་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གསོ་སྤེལ་དུད་ཆེན་ཞིག་ཏུ་གྱུར་ཡོད།

    “རང་ཉིད་ཕྱུག་པོ་ཆགས་ཀྱང་ཡུལ་མི་ཚོ་བརྗེད་ན་ག་ལ་འགྲིག གྲོང་ཚོའི་མཉམ་ལས་ཁང་གིས་ལུག་དུས་ཐུང་རྒྱགས་གསོ་རྟེན་གཞི་དང་འབྲི་གཡག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་བསྐྲུན་རྗེས་ང་རང་འགན་འཁུར་བར་བདམས་བྱུང་། ངས་རང་ཉིད་ཀྱི་གསོ་སྤེལ་ཉམས་མྱོང་ལ་བརྟེན་ནས་ཡུལ་མི་ཚོའང་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་སྙམ་ནས་ལམ་སེང་འགན་འཁུར་བ་བྱེད་རྒྱུའི་ཁས་བླངས་པ་ཡིན”ཞེས་པད་མས་བཤད།

    2019ལོར་སན་བུ་གྲོང་ཚོའི་ལུག་དུས་ཐུང་རྒྱགས་གསོ་རྟེན་གཞི་བཙུགས་པ་དང་། 2022ལོར་འབྲི་གཡག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་སྤྱོད་འགོ་ཚུགས་པ། 2023ལོར་མཉམ་ལས་ཁང་གིས་ཕྱིར་ཚོང་ཐབས་ལམ་སྣ་ཚོགས་བརྒྱུད་ལུག་20དང་འབྲི་གཡག་21བཙོངས་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་ཁེ་སྤོགས་བགོས་པ་རེད།

    “ད་ཆ་ང་ཚོའི་རྣམ་གྲངས་དེ་གཉིས་འགོ་ཚུགས་ཙམ་ཡིན་པ་དང་། སླད་ཕྱིན་ཡག་ཐོག་ཡག་བརྩེགས་བྱུང་ནས་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་པད་མས་གདེང་ཚོད་ཆེན་པོས་བཤད།

    དམངས་ལ་ཞབས་འདེགས་ཞུ་མཚམས་མི་འཇོག་མཁན། དགྲ་འདུལ།

    1963ལོར་སྐྱེས་པའི་དགྲ་འདུལ་ནི་སན་བུ་གྲོང་ཚོ་ནས་ཡིན་ལ། ཏང་ལོ་30ལྷག་ཙམ་ཟིན་པའི་ཏང་ཡོན་རྒན་གྲས་ཤིག་ཀྱང་རེད། ལོ་20ལ་སླེབས་དུས་དགྲ་འདུལ་གསོ་སྦྱོང་ལ་ཞུགས་པ་བརྒྱུད་གྲོང་ཚོའི་ཕྱུགས་རིགས་སྨན་པ་ཞིག་ཏུ་གྱུར། དེ་རྗེས་ཁོང་སྔ་རྗེས་སུ་གྲོང་ཚོའི་རྩིས་གཉེར་དང་། གྲོང་ཚོའི་གུང་གཞོན་སྡེ་ཚོགས་ཀྱི་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་མྱོང་། རྒན་ཡོལ་མ་ཞུས་བར་གྲོང་ཚོའི་ལས་བྱེད་པའི་ལས་གནས་ཐོག་ལས་ཀ་ལོ་27བྱས་པར་གདེང་འཇོག་བཟང་པོ་ཡོད་པ་རེད།

    2023ལོར། རྫོང་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་མ་དངུལ་སྒོར་ཁྲི་165བཏང་བའི་གྲོང་ཚོའི་མཉམ་ལས་ཁང་གི་ཚོང་སྒྱུར་ཁང་པ་2023ལོའི་ཟླ་6པར་བསྐྲུན་ནས་སྤྱོད་འགོ་ཚུགས། གྲོང་ཚོའི་མཉམ་ལས་ཁང་གིས་ཚོང་སྒྱུར་ཁང་པ་སྤྱད་དེ་དམངས་ཕན་སྡེབ་འཚོང་ཁང་བཙུགས་པར་བློས་འཁེལ་བའི་ཕྱིར་ཚོང་བ་ཞིག་དགོས་ཀྱི་ཡོད་པས། མང་ཚོགས་དང་གྲོང་ཚོའི་ལས་བྱེད་པས་མགྲིན་གཅིག་ཏུ་དགྲ་འདུལ་བདམས་པ་རེད།

    “ང་ནི་ཏང་ཡོན་དང་ལས་བྱེད་པ་རྒན་གྲས་ཤིག་ཡིན་པས་གྲོང་མིར་དགོས་མཁོ་ཡོད་ཕྱིན་ངས་རང་འགན་ཁུར་དུ་ལེན་ངེས་ཡིན”ཞེས་དགྲ་འདུལ་གྱིས་གསར་འགོད་པར་བཤད།

    དགྲ་འདུལ་གྱིས་བཟའ་ཟླར་ལྟ་རྟོག་བྱེད་དགོས་པ་མ་ཟད། ལོ་30ལ་སླེབས་པའི་དབང་པོ་སྐྱོན་ཅན་བུ་ལའང་ལྟ་རྟོག་བྱེད་དགོས་ཀྱི་ཡོད། ནང་མི་ཚང་མ་ཁོང་གཅིག་པུའི་ཡོང་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། གྲོང་ཚོའི་ལས་བྱེད་པའི་ལས་གནས་ནས་བབས་ཏེ་ལོ་བཅུ་ལྷག་ཙམ་སོང་རིང་ཁོང་གིས་ལས་ཡུལ་དུ་ཟོག་འདྲེན་རླངས་འཁོར་གཏོང་མྱོང་ལ་ས་ཕག་བཟོ་གྲྭར་གླ་པའང་བྱས་ཏེ་ཉི་མ་གང་འཁྱོལ་ཡུད་ཙམ་ཡང་བྱེད་མྱོང་མེད།

    སན་བུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་ལྡན་གྱིས“དགྲ་འདུལ་གྱིས་ཚོང་ཁང་དུ་ཕྱིར་ཚོང་བའི་འགན་འཁུར་རིང་ཟླ་རེར་གླ་ཕོགས་སྒོར་1500ལས་མེད་ཀྱང་། ཁོང་གིས་གླ་ཕོགས་དེ་ལས་ལྷག་པའི་ལས་ཀའི་གོ་སྐབས་གཞན་དོར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཡི་ཡོད་པས། ཚང་མས་ཁོང་གི་བཀའ་དྲིན་སྙིང་དབུས་སུ་བཅངས་ཡོད”ཅེས་བཤད།

    གཞན་ཡང་། དགྲ་འདུལ་ནི་སན་བུ་གྲོང་ཚོའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་པ་ཞིག་ཡིན་ཞིང་། གྲོང་ཚོར་རྩོད་གཞི་ཐོན་ཕྱིན་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་རེད། 2021ལོ་ནས་ད་བར་ཁོང་གིས་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ལས་ཀའི་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་རིམ་རྩིས་བྱས་ན་མང་ཚོགས་ལ་གཉེན་སྒྲིག་དང་རྩྭ་ཐང་གི་ས་ཁོངས་དབྱེ་བ་སོགས་ཀྱི་རྩོད་གཞི་50ལྷག་ཙམ་འདུམ་འགྲིག་བྱས་ཡོད། 2023ལོར་ཁོང་ལ་ཁྲིམས་འཛིན་པུའུ་ནས“རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པའི”མཚན་སྙན་སྤྲད་པ་རེད།

    བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་འགོ་འཛུགས་མཁན། ཀུན་བཟང་།

    “སན་བུ་གྲོང་ཚོར་ཁྱོན་དུད་ཚང་294དང་མི་1055ཡོད་པའི་ནང་དུད་ཚང་38དགེ་རྒྱས་གྲོང་རྡལ་ཁམས་བཟང་སྡེ་ཁུལ་དུ་སྤོས་པ་དང་། དུད་ཚང་3སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་གྲོང་གསར་དུ་སྤོས་པ་རེད། ཏང་དང་སྲིད་གཞུང་གི་རོགས་རམ་འོག་གནས་སྤོས་དུད་ཚང་དེ་དག་གི་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་དཔལ་ལྡན་གྱིས་ངོ་སྤྲོད་བྱས།

    ཀུན་བཟང་གི་ཁྱིམ་ནི་2016ལོར་བདེ་སྐྱིད་གྲོང་གསར་དུ་སྤོས་པའི་ཁྱིམ་ཚང་གསུམ་གྱི་གྲས་ཤིག་རེད།

    གསར་འགོད་པ་ཀུན་བཟང་ཁྱིམ་དུ་འགྲོ་སྐབས་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་འཛོམས་ཡོད་པ་དང་། གྱང་ལྡེབས་དང་། ས་མཐིལ། དྲོད་འཁྱམས་བཅས་ལའང་མཛེས་བཟོ་གྲ་རྒྱས་པོ་བྱས་འདུག་པས་འབྱོར་འབྲིང་གི་རྣམ་པ་ཤུགས་ཀྱིས་ཚོར།

    ཀུན་བཟང་ཆུང་དུས་ནས་ཕ་མ་ཚེ་ལས་འདས་ཤིང་། ནར་མ་སོན་གོང་། སྤུན་མཆེད་ཁྱིམ་དུ་ཕྱུགས་འཚོ་རོགས་བྱས་ནས་བསྡད་པ་རེད། ལོ་18ལ་སླེབས་རྗེས་ཁོང་གཅིག་པུ་དགེ་རྒྱས་རྫོང་གྲོང་དུ་ལས་ཀ་འཚོལ་བར་ཕྱིན་ནས་སྔ་རྗེས་སུ་སྒོ་སྲུང་བ་དང་། ཁོར་ཡུག་འཕྲོད་བསྟེན་ཀུང་སིའི་ལྟ་སྐུལ་པ། སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་པ། རྡོ་སོལ་སྲེག་མཁན་སོགས་བྱེད་མྱོང་ཞིང་། ཕྱིས་སུ་འཇིག་རྟེན་མཐུན་འཇུག་གི་ལས་འགོ་བརྩམས།

    ཀུན་བཟང་གིས“ངའི་ཁྱིམ་ལ་མི་7ཡོད་པའི་ནང་5ཕྲུ་གུ་རེད། འདི་གར་མ་སྤོས་གོང་བཟའ་ཟླ་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱེད་དགོས་པར་བརྟེན་ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་ངས་རྫོང་གྲོང་དུ་ལས་ཀ་བྱས་པའི་གླ་ཕོགས་ཕྲན་བུ་དེ་ལས་མེད་པས། ཁྱིམ་གྱི་ལྟོ་གོས་ཧ་ཅང་ངན་ངོན་རེད། 2014ལོར་ངར་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་རྐང་པ་ཡ་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟབས་མུ་གེའི་སྟེང་ལ་ཟླ་ལྷག་རང་རེད”ཅེས་ཕྱིར་དྲན་བྱེད་བཞིན་བཤད།

    སྟབས་ལེགས་པ་ཞིག་ལ་2016ལོར་དགེ་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག་ཀུན་བཟང་གི་ཁྱིམ་བདེ་སྐྱིད་གྲོང་གསར་དུ་སྤོ་རྒྱུ་བྱུང་ཡོད།

    “འདི་གར་བྱེད་ནུས་ཆ་ཚང་བའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་། བུ་བཅོལ་ཁང་། སྡེ་ལས་དོ་དམ་ལྟེ་གནས། ཚོང་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཡོད་པ་མ་ཟད། ཁྱིམ་དུ་ཆུ་གློག་དྲོད་གསུམ་ཡང་འཐུས་སྒོ་ཚང་པོ་ཡོད་པས། ང་ཚོ་འབྲོག་ཁུལ་ནས་གྲོང་ཁྱེར་དང་དབུལ་ཕོངས་ནས་འབྱོར་འབྲིང་བར་གྱི་མཆོང་སྐྱོད་བྱུང་ཡོད”ཅེས་ཀུན་བཟང་གིས་གསར་འགོད་པར་བཤད།

    སྡོད་ཁང་གསར་པར་སྤོས་རྗེས། ཀུན་བཟང་བཟའ་ཚོས་ཡོང་འབབ་འཕར་ཐབས་ཐད་བསམ་བློ་ཧུར་ཐག་བཏང་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་འཚོང་འགོ་བཙུགས་པ་མ་ཟད། ད་དུང་དྲ་ཐོག་ཐད་གཏོང་བྱས་པའི་ཁར་བཟའ་ཟླས་ཇ་ཁང་ཡང་བཙུགས་པས་ཁྱིམ་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།

    “ད་ཆ། ང་ཚོའི་ཁྱིམ་ཚང་གི་ཡོང་འབབ་ཡག་དུས་ལོ་གཅིག་ལ་སྒོར་ཁྲི་15ཟིན་གྱི་ཡོད་པས་འཚོ་བར་རེ་བ་ཆེན་པོ་འདུག”ཅེས་ཀུན་བཟང་གིས་དགའ་སྤྲོའི་ངང་བཤད།

    ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་འགྲོ་བ་དང་འབྱོར་འབྲིང་གི་ཡུལ་ལྗོངས་ཇེ་མཛེས་སུ་འགྲོ་བའི་སན་བུ་གྲོང་ཚོའི་ལྷིང་འཇགས་དང་སྐྱིད་སྣང་དོད་པའི་འཚོ་བ་ལས་གྲོང་གསེབ་དར་རྒྱས་ལ་མཛེས་སྡུག་ལྡན་པའི་རི་མོ་ཞིག་འགོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།