དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱིས་ཐོན་ཁུངས་གསར་སྤེལ་ལེགས་པར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ།

    —— ཀོང་ཏུང་བོད་སྐྱོར་གྱིས་ཉིང་ཁྲིའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དར་རྒྱས་གོང་འཕེལ་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    ལོ་30ཡི་རིང་། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། ལག་རྩལ་ཤེས་ལྡན་པ་བཅས་ཁག་དང་ཁག་བྱས་པས་བོད་ཤར་ལྷོའི་ས་གཞི་ཆེན་པོར་འབད་འབུངས་བྱས་ནས་ཐོན་སྐྱེད་དང་། ལས་སྣོན། ཁྲོམ་ར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རམ་འདེགས་ནུས་ལྡན་བྱས་ཡོད།

    ཇ་ལོའི་དྲི་ཞིམ་ལེ་དབར་སྟོང་གི་སར་འཐུལ་བ།

    དབྱར་སྟོད་དུ་ཡིད་འོང་ཇ་ར་སྔོ་ལྗང་གིས་བརྒྱན་ཞིང་། ཇ་འདེབས་ཞིང་པས་ཇ་ཞིང་ལ་གཡོག་བྱེད་བྱེད་བཞིན་སོས་དལ་བག་ཕེབས་ཀྱི་རྣམ་པ་ཞིག་མངོན་ཡང་ཇ་བཟོའི་འཁོར་ཁང་ནང་བཟོ་པ་ཚོ་ཚ་ཚ་འུར་ངང་ཇ་བཟོ་བའི་ལས་ལ་བྲེལ་བཞིན་ཡོད།

    བོད་ཀྱི་རྒྱལ་གཉེར་གཞི་ཁྱོན་ཅན་གྱི་རི་མཐོའི་ཇ་ར་སྟེ། ཡིད་འོང་ཇ་རར་འགལ་རྐྱེན་མང་པོ་འཕྲད་ནས་སྐབས་ཤིག་རིང་གཉེར་སྐྱོང་དཀའ་ངལ་གྱི་གནས་སུ་གྱར་ཡོད། 2010ལོར་ཇ་ར་ཧྲིལ་པོ་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་འཆར་གཞིའི་ནང་བཅུག་པས་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། ལོ་10ལྷག་ཙམ་རིང་། ཀོང་ཏུང་དང་བོད་ལྗོངས་ས་ཁུལ་གཉིས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་པ་བརྒྱུད། ཇ་རར་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་ཐོབ་པ་དང་། ཇ་ལོར་རྒྱལ་སྤྱིའི་ཇ་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་ནས་ཡིད་འོང་ཇ་ལོའི་དྲི་ཞིམ་ལེ་དབར་སྟོང་གི་སར་འཐུལ་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།

    ལོ་བཅུ་ལྷག་ཙམ་རིང་། ཀོང་ཏུང་ཞིང་ཆེན་གྱིས་སྔ་རྗེས་སུ་ཧྥོ་ཧྲན་གྲོང་ཁྱེར་དང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་སོགས་ལ་ཁ་གཏད་རོགས་སྐྱོར་ལག་བསྟར་བྱ་རྒྱུ་བཀོད་སྒྲིག་བྱས་ནས་ཡིད་འོང་ཇ་རར“ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པར”རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཇ་ལོའི་སྣ་ཁ་གསར་པ་གསོ་སྤེལ་དང་། ལས་སྣོན་སྒྲིག་ཆས་རིམ་སྤོར། ཇ་རའི་སྒྲིག་ཆས་འཛུགས་སྐྲུན། ལས་བཟོའི་རྩལ་ནུས་གསོ་སྦྱོང་། ཧྥུ་འདུས་ཚད་དམའ་བའི་བདེ་ཐང་ཇ་ཞིབ་བཟོ། སྤུས་རྟགས་འཐུམ་སྒྲིལ་ཚོང་གཉེར། འགྲེམས་སྟོན་ནང་ཞུགས་རྒྱུ་སྒྲིག་འཛུགས། འཛད་སྤྱོད་རོགས་སྐྱོར་སོགས་ཕྱོགས་མང་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་གྱིས་ཇ་ར་དང་ཇའི་ཐོན་རྫས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་རམ་འདེགས་བྱས་ཏེ་ཡིད་འོང་ཇ་ལོ་རྒྱལ་ཡོངས་དང་འཛམ་གླིང་ཐོག་ཕྱིར་ཚོང་བྱས་ཡོད།

    2020ལོར་ཡིད་འོང་ཇ་རར་གྱོང་གུན་གསབ་ཐུབ་ནས་ཁེ་བཟང་བྱུང་བ་དང་། 2021ལོར་ཡིད་འོང་ཇ་ཀྲུའུ་ཧའེ་འགག་སྒོ་བརྒྱུད་ཨའོ་མོན་དུ་བཙོངས་ནས་ཐོན་རྫས་ཕྱིར་གཏོང་ཐེངས་དང་པོ་བྱས་པ་རེད། མིག་སྔར་ཡིད་འོང་ཇ་རས“གསར་བརྗེའི་ཇའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ”མགྱོགས་མྱུར་བསྐྲུན་ནས་ཇ་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།

    ཇ་ར་གཉེར་སྐྱོང་ཡག་པོ་བྱས་ཚེ་ཇ་འདེབས་ཞིང་པའི་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ། ཇ་འདེབས་ཞིང་པ་སྐལ་བཟང་ཐུབ་བསྟན་གྱིས“བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད་བྱེད་ཀྱི་ཡོད་པས། ང་ཚོའི་ཇ་ལོའི་སྤུས་ཚད་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ཉོ་སྒྲུབ་རིན་གོང་ཡང་མཐོ་རུ་ཕྱིན་སོང་། ངའི་ཁྱིམ་གྱི་ཇ་ཞིང་མུའུ་30ལྷག་ཙམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་བཞི་ལྔ་རག་གི་འདུག ཇ་ར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ང་ཚོའི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

    བོད་ཕག་གི་ཐོན་ལས་འཁོར་འབྲེལ་ཆགས་པ།

    ཉང་ཆུ་གཙང་པོའི་ལུང་གཞུང་བརྒྱུད་ནས་སྐྱོད་སྐབས། ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་དུ་བཟོ་ཁང་མང་པོ་ཡོད་པའི་ཐོན་ལས་གླིང་ཞིག་ཉིང་ལྷ་མྱུར་བགྲོད་གཞུང་ལམ་གྱི་འགྲམ་དུ་ཆགས་ཡོད་པ་མཐོང་། འདི་ནི་ཀོང་པོ་རྒྱ་མདའ་རྫོང་གི་བོད་ཕག་ཐོན་ལས་གླིང་ཡིན་ལ་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཐོག་མ་དེའང་རེད།

    2018ལོ་ནས་བཟུང་ཐོན་ལས་གླིང་འཆར་འགོད་བྱེད་པ་ནས་ཚོང་འགུགས་མ་འདྲེན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བར། ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་མང་པོའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད།

    ཀྲུང་ཧྲན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཕྱོགས་གཅིག་ནས་བོད་སྐྱོར་མ་དངུལ་སྤྱད་དེ་ཞན་ཆ་བསལ་ནས་ཐོན་ལས་གླིང་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་རིང་སྤྱི་ཚོགས་ཞུགས་པར་སྐུལ་ཁྲིད་བྱས་ཏེ་ཐོན་ལས་ལས་སྟེགས་གལ་ཆེན་གཏོད་པར་རོགས་རམ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་རྣམ་གྲངས་དོ་དམ་དང་། ཐོན་ལས་རོགས་སྐྱོར། ཚོང་འགུགས་མ་འདྲེན་བཅས་སུ་རང་འགུལ་ངང་ཞུགས་ཏེ་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས“བོད་ཕག”གི་ཐོན་ལས་འཁོར་འབྲེལ་ཆགས་པར་བྱས་ཡོད།

    ད་ཆ་དུས་ཐེངས་དང་པོར་ཁེ་ལས་8བཅའ་སྡོད་བྱས་ནས་གསོ་སྤེལ་དང་། བཤས་གཏོང་། ལས་སྣོན། ཟོག་འགྲེམས། ཞིབ་དཔྱད་ཚད་ལེན་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་མངོན་འགྱུར་ཐུབ་ཡོད་པ་དང་། ཐོན་རྫས་ལ་ཕག་ཤ་བསྙལ་མ་དང་། ཕག་ཀྲིན། ཕག་ཤ་སྐམ་པོ་སོགས་བོད་ཕག་གི་ཐོན་རྫས་སྣ་ཚོགས་དང་དེ་བཞིན་སྦྲང་རྩི་དང་བེ་ཤ་ལས་སྣོན་སོགས་ཡོད་པས་ཐོན་ལས་གླིང་གི་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།

    རྫིང་བུ་ཞིག་ནས་ས་མཐོའི་ཉ་ལས་ཀྱི་ཕུགས་འདུན་གསར་པ་མངོན་འགྱུར་བྱུང་བ།

    བོད་དུ་དེང་རབས་ཉ་ལས་གསོ་སྤེལ་བྱ་རྒྱུ་དེ་མི་མང་པོ་ཞིག་གི་ངོས་ནས་བརྗོད་ན་བྱ་བ་གསར་པ་ཞིག་རེད། འོན་ཀྱང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཞིང་རར་ཀོང་ཏུང་བོད་སྐྱོར་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཕུགས་འདུན་དེ་དོན་དངོས་སུ་གྱུར་ཡོད།

    2021ལོའི་ཟླ་12པར་སྨན་གླིང་ཞིང་རའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཉིང་ཁྲི་ཞིང་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སི་བཙུགས་པ་དང་། 2022ལོའི་ཟླ་6པར་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཀྲུའུ་ཧའེ་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་གྱི་ལས་འགན་མུ་མཐུད་ཁུར་ནས་སྨན་གླིང་དུ་བཅའ་སྡོད་བྱས་ཏེ། སྐར་མ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གོམ་སྟབས་མགྱོགས་སུ་བཏང་ནས། ས་མཐོའི་དེང་རབས་ཉ་ལས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་པ་ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཆུའི་ཐོན་རྫས་གསོ་སྤེལ་རིགས་གཅིག་མཁས་ཅན་ལུའོ་མིང་ཧྥེ་ཡིས“ང་ཚོས་སྨན་གླིང་གི་སྤུས་ལེགས་ཆུའི་ཐོན་ཁུངས་དང་ཀོང་ཏུང་གི་ཕུན་སུམ་ཚོགས་པའི་ཉ་ལས་སོན་རྒྱུའི་ཐོན་ཁུངས་ལ་བརྟེན་ནས་ཉ་ཕྲུག་ཐག་རིང་ནས་དབོར་འདྲེན་དང་། ཚད་ལྡན་ཅན་གྱི་སྐྱེ་ཁམས་གསོ་སྤེལ་རྫིང་བུ་འཛུགས་སྐྲུན། དྲོད་སྲུང་གསོ་སྤེལ་སོགས་ཀྱི་ལག་རྩལ་ལ་འགག་སྒྲོལ་ཤུགས་ཆེན་བྱས་པས། རང་ས་ཅན་དང་། འདྲ་བཟོ་བྱེད་ཆོག་པ། ཁྱབ་གདལ་གཏོང་སླ་བ་བཅས་ཀྱི་ཉ་ལས་གསོ་སྤེལ་བྱེད་སྟངས་འཚོལ་ཞིབ་བྱེད་པར་རིམ་བཞིན་གྲུབ་འབྲས་ཐོབ་ཡོད”ཅེས་བཤད།

    2023ལོར་ཀྲུང་གོའི་ཉ་དྲོ་བ་ཡག་ཤོས་སོགས་ཀྱིས་མཚོན་པའི་སྤུས་ལེགས་ཀྱི་ས་མཐོའི་ཆུའི་ཐོན་རྫས་ཁྲོམ་རར་འདོན་འགོ་ཚུགས་ཡོད། འདི་ལོ་གསོ་སྤེལ་རྟེན་གཞིས་སྔོན་དཔག་བྱས་ན་ཉ་དང་ཤ་སྨི་རྒྱ་མ་ཁྲི་20ལྷག་ཙམ་ཐོན་སྐྱེད་ཐུབ་རྒྱུ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་300ལྷག་ཙམ་ཟིན་རྒྱུ་རེད། ས་མཐོའི་ཉ་ལས་ཐོན་ལས་ཅན་གྱི་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་མང་པོས་རྣམ་གྲངས་རེ་རེ་བཞིན་རྩ་བ་ཚུགས་པ་དང་། རོགས་སྐྱོར་བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་ཞིབ་ཕྲ་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བོད་ཤར་ལྷོའི་རྒྱུད་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།