དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་འཕྲུལ་ཆུང་གྲས་ཀྱིས་སྐས་ཞིང་གི་ཐོན་འབབ་འཕར་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཁའེ་ཞོན།   |     སྤེལ་དུས།  2024-06-10

    འདི་ནི་ཁྲེན་ཆིང་ཧའེ(གཡོན)དང་ས་གནས་དེ་གའི་གྲོང་མི་ཚོས་ཞིང་འཕྲུལ་ཆུང་གྲས་སྤྱད་ནས་ཞིང་ཁ་འདེབས་བཞིན་པ།

    “སེར་ལངས་པ་དང་བསྟུན་ནས་ས་ཞིང་འདེབས་འགོ་ཚུགས”སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་ཀྲུང་ཅང་རྫོང་ཧྥུའུ་ཤིང་གྲོང་ཚོའི་ཞིང་པ་ཁྲེན་ཆིང་ཧའེ་ཡིས་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་བཏང་ནས་སོ་ནམ་ལས་ལ་བྲེལ།

    ཞིང་འཕྲུལ་ཆེན་པོ་མེད་པས། ཁྲེན་ཆིང་ཧའེ་ཡིས་ཁར་ཐུག་གཏོང་བ་དང་ཁ་གཅུ་བ་སོགས་རྦད་དེ་བྱང་ཆུབ་ཡོད། ས་བསློགས་པ་དང་བསྟུན་ནས་ཞིང་འཕྲུལ་གྱིས་ཞིང་ནང་དུ་ས་ཤུར་གྲལ་འགྲིག་པོས་དྲུས་པ་དང་ཆབས་ཅིག མ་རྨོས་ལོ་ཏོག་གི་སོན་གཤོས། ཆུ་ཚོད་ཕྱེད་ཀའང་མ་འགོར་བར་ས་ཞིང་བཅུ་ཆ་དགུ་ཙམ་བཏབ་ཟིན།

    ཁྲེན་ཆིང་ཧའེ་ནི་གྲོང་ཚོའི་འདེབས་འཛུགས་དུད་ཆེན་ཞིག་ཡིན་པ་དང་ས་ཞིང་མུའུ་300ལྷག་ཙམ་ཡོད་པར་གཙོ་བོ་གྲོ་དང་། པད་ཁ། མ་རྨོས་ལོ་ཏོག་བཅས་འདེབས་ཀྱི་ཡོད། ཀྲུང་ཅང་རྫོང་ནི་སི་ཁྲོན་དབུས་རྒྱུད་ཀྱི་རི་མ་ཐང་དུ་གནས་ཤིང་། མུའུ་1མན་གྱི་སྐས་ཞིང་གིས་ཞིང་ཁ་ཡོངས་ཀྱི་ཕྱེད་ཀ་ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཁྲེན་ཆིང་ཧའེ་ཡི་འདེབས་འཛུགས་ཁུལ་ནི་ཁ་ཐོར་དུ་གནས་པའི་སྐས་ཞིང་བརྒྱ་ཕྲག་ཁ་ཤས་ལས་གྲུབ་པ་དང་མང་ཆེ་བ་མིང་དོན་མཚུངས་པའི་སྐས་ཞིང་རེད།

    ཧྥུའུ་ཤིང་གྲོང་ཚོར་ཐོག་མར་འབྱོར་སྐབས། གསར་འགོད་པས་ཞིང་ཁའི་ཟུར་ཙམ་ཡང་མཐོང་མ་བྱུང་། ཁྲེན་ཆིང་ཧའེ་ཡིས“རི་སྟེང་དུ་ཡོད”ཅེས་ལམ་སྣེ་ཁྲིད་དེ་རི་ལྡེབས་སུ་སྐྱོད་སྐབས་སྐས་ཞིང་རེ་རེ་མིག་ལམ་དུ་མངོན།

    སྐས་ཞིང་འདེབས་ཁག་པོ་ཡོད་ཅིང་། ས་བབ་དབང་གིས་ཞིང་ཁའི་ཁ་ཞེང་ཆུང་བ་དང་མུ་ཁའི་ལམ་ཡང་གུ་དོག་པས་ཞིང་འཕྲུལ་ཆེ་གྲས་འགྲོ་དཀའ་བར་བརྟེན་ཐོན་སྐྱེད་ཀྱི་ལས་ཕྱོད་ཀྱང་མཐོ་རུ་འགྲོ་ཡི་མེད།

    ཁྲེན་ཆིང་ཧའེ་ཡིས་སྐས་ཞིང་དེ་དག་གཏན་ནས་དོར་མི་རུང་། “དེ་དག་འབྲས་རྡོག་ཐོར་བ་དང་འདྲ་བས་ཚང་མ་རུབ་རུབ་བཟོ་དགོས”པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཇི་ལྟར་འདེབས་དགོས་སམ་ཞེ་ན། དང་ཐོག་ཁོང་གིས་སྲོལ་རྒྱུན་གྱི་མི་ཐབས་རྨོ་འདེབས་བྱས་ནས་ལས་མི་སྤྱོད་པའི་མ་གནས་འཐེན་ནའང་ལོ་གཅིག་སོང་རྗེས་སྔར་བཞིན་གྱོང་གུན་ཕོག་གི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་ཅང་རྫོང་གིས་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་ཆུང་གྲས་ཁྱབ་གདལ་ཧུར་ཐག་བཏང་ནས་རྫོང་ཡོངས་ཀྱི་གྲོང་རྡལ་ཚང་མར་ཞིང་འཕྲུལ་ཆུང་གྲས་ཚོང་ཁང་ཁྱབ་ཡོད་པ་དང་། ཞིང་འཕྲུལ་གསོ་སྦྱོང་གི་བྱེད་སྒོ་ཟླ་རེ་བཞིན་སྤེལ་ནས་ལག་རྩལ་ཤེས་པའི་འགན་ལེན་བྱས་པ། ཆེད་དམིགས་སྐར་ཁུང་བཙུགས་ནས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ལས་སྒོ་གཉེར་ཏེ་ཞིང་པའི་འཕྲུལ་ཆས་ཉོ་སྒྲུབ་ཀྱི་མ་གནས་དམའ་རུ་བཏང་བ་བཅས་རེད། རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་སྒོ་རྩར་ཡོང་ནས་སྲིད་ཇུས་གསལ་འགྲེལ་རྒྱག་སྐབས། ཁྲེན་ཆིང་ཧའེ་ལ་བརྔ་བསྡུ་འབྲུ་འདོན་མཉམ་འབྲེལ་འཕྲུལ་འཁོར་ཆུང་གྲས་ཤིག་ཉོ་དགོས་པའི་བསམ་བློ་འཁོར།

    སྤྱོད་བདེ་བའི་བརྔ་བསྡུ་འཕྲུལ་འཁོར་ག་ལེར་རི་སྟེང་དུ་བཏང་ཞིང་། དབྱར་བསྡུ་མཇུག་འགྲིལ་མ་ཐག་ཡིན་པས་ཁྲེན་ཆིང་ཧའེ་ལ་ད་གཟོད་ལུས་སེམས་ལྷོད་ལ་བབས་པའི་སྣང་བ་ཞིག་བྱུང་། “དེ་སྔོན་ལ་ཆ་མཚོན་ན་སྔོན་ལ་མིས་བཙས་མ་བརྔ་བ་དང་དེ་རྗེས་འབྲུ་འདོན་འཕྲུལ་འཁོར་ནང་བླུགས་ནས་འབྲུ་འདོན་གྱི་ཡོད། གྲོ་ཞིང་མུའུ་གཅིག་མི་ལྔ་ཡིས་ཉིན་གང་བརྔ་དགོས་ཀྱི་ཡོད། མ་གཞི་བརྔ་བསྡུ་འཕྲུལ་ཆས་ཆུང་ཙམ་ཡོད་རུང་ད་ཆ་ཆུ་ཚོད་ཕྱེད་ཀའི་ནང་ཞིང་ཁ་མུའུ་གཅིག་བརྔས་ཚར་གྱི་ཡོད”ཅེས་ཁོང་གིས་སེམས་ཁོངས་ནས་འཕྲུལ་ཆས་ཆུང་རུང་ནུས་པ་ཆེན་པོ་འདུག་སྙམ་བཞིན་དེ་ལྟར་བཤད།

    རྩིས་ཞིབ་ཕྲ་ཞིག་བརྒྱབ་ན་མ་གཏོགས་ཞིང་འཕྲུལ་ཆུང་གྲས་དེའི་དགེ་མཚན་མཐོང་མི་ཐུབ་ཅིང་། བརྔ་བསྡུར་མཚོན་ན། གལ་ཏེ་མིས་བཙས་མ་བརྔས་ན་ས་ཞིང་མུའུ་རེར་མ་གནས་སྒོར་400ཡན་ཟིན་གྱི་ཡོད་པ་དང་། ཞིང་འཕྲུལ་ཆུང་གྲས་སྤྱད་ན་སྣུམ་རིན་དང་ལྷུ་ལག་གི་ཟད་གྲོན་ཁོ་ན་ལས་འགྲོ་གི་མེད་པ་རེད། “ཞིང་ལས་འཕྲུལ་ཆས་ཉོས་ན་ཁ་གསབ་ཡོད་པས། བརྔ་བསྡུའི་འཕྲུལ་འཁོར་ལ་སྒོར་ཁྲི་3ལྷག་ཙམ་ལས་སྤྲད་མེད། མ་ཟད་ལོ་ལྟར་མ་གནས་སྒོར་ཁྲི་དྲུག་བདུན་ཙམ་གྲོན་ཆུང་ཐུབ་ཀྱི་འདུག་པས་ཉོ་རིན་ཆོག་འདུག”ཅེས་ཁྲེན་ཆིང་ཧའེ་ཡིས་བཤད་པ་དང་། ཁོང་གིས་ཡང་སྔ་རྗེས་སུ་སྒྲིག་ཆས་གསར་པ་མི་ཉུང་བ་ཞིག་ཉོས་ཡོད།

    གསར་བརྗེས་རིམ་སྤོར་ཁྲོད་ཞིང་འཕྲུལ་ཆུང་གྲས་ཀྱི་ནུས་པ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། ད་ལྟ་ལས་བཞིན་པའི་དབྱར་འདེབས་རིང་ཁྲེན་ཆིང་ཧའེ་ཡིས་མཉམ་འདུས་ཅན་གྱི་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་གསར་པ་ཞིག་སྤྱོད་ཀྱི་ཡོད་པ་རེད། “ལྷུ་ལག་མང་པོ་ཞིག་གསར་དུ་བསྒར་བས་རོལ་འཐེན་པ་དང་། ལུད་རྒྱག་པ། སོན་འདེབས་པ་སོགས་ལས་ཐེངས་གཅིག་རང་ལ་ཚར་སོང་། འཕྲུལ་འཁོར་གཅིག་གིས་མི་བཞི་ཡི་ལས་ཀ་བྱེད་ཐུབ་ཀྱི་འདུག”ཅེས་ཁྲེན་ཆིང་ཧའེ་ཡིས་གད་མོ་དགོད་བཞིན་བཤད། ད་ཆ་ཁོང་གིས་མ་དངུལ་བཏང་ནས་ཞིང་ཆུང་རེ་རེ་བཞིན་སྦྲེལ་ཏེ་གླིང་ལ་བསྒྱུར་ནས་ཞིང་འཕྲུལ་དེ་བས་མང་བ་ཞིང་ནང་དུ་གཏོང་རྩིས་ཡོད་པ་རེད།

    མིག་སྔའི་བར། ཀྲུང་ཅང་རྫོང་གིས་རྨོ་འདེབས་བསྡུ་གསུམ་དང་ཆུ་འདྲེན་གྱི་བྱེད་ནུས་ལྡན་པའི་ཞིང་འཕྲུལ་ཆུང་གྲས་ཁྲི་3.5ཁྱབ་གདལ་བཏང་ཞིང་། ཞིང་འཕྲུལ་གྱིས་སྐས་ཞིང་འདེབས་དགོས་རིགས་ཚང་མ་འདེབས་པ་དང་བསྡུ་དགོས་རིགས་ཚང་མ་བསྡུ་བར་རོགས་རམ་བྱས་པས། 2023ལོར་ཀྲུང་ཅང་རྫོང་གི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་218.1ཟིན་པ་དང་འབྲུ་རིགས་ཐོན་འབབ་ཏུན་ཁྲི་82.6ཟིན་ནས་ལོ་མང་བསྟུད་མར་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ངལ་གསོའི་བར་གསེང་དུ་ཁྲེན་ཆིང་ཧའེ་ཡིས་ལམ་འགྲམ་དུ་བསྡད་དེ་ལག་ཐོགས་ཁ་པར་ནས་ཞིང་ལས་གསར་འགྱུར་ལ་ལྟ་བཞིན་ཡོད་ཅིང་། ཁོང་གིས“སྲུང་སྐར་ཕྱོགས་སྟོན་ལ་བརྟེན་ན་ཞིང་འཕྲུལ་གཏོང་བར་ཁ་ལོ་བ་དགོས་ཀྱི་མི་འདུག ཞིང་ནང་དུ་དངོས་འབྲེལ་གནས་ཚུལ་གསར་པ་མང་པོ་འདུག”ཅེས་བཤད་པ་དང་། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་དེ་དག་མཇུག་མཐར་རི་ཁུག་ཏུ་སྤྱད་ནས་རི་སྟེང་གི་སྐས་ཞིང་ལ་རེ་བ་གསར་པ་སྦྱིན་པར་ཁོང་ལ་ཡིད་ཆེས་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།