དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་གསེབ་ལྷག་པར་མཛེས། བདེ་སྐྱིད་གླུ་དབྱངས་ལེན།

    ​ལྷ་ས་གྲོང་ཁྱེར་གྱིས“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-10

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“དཔེ་སྟོན་གྲོང་ཚོ་སྟོང་དང་། བཅོས་སྒྲིག་གྲོང་ཚོ་ཁྲི”(གཤམ་དུ“ཁྲི་སྟོང་ལས་གྲྭ”ཞེས་བསྡུ་རྒྱུ)ནང་འདུས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། ལས་དོན་སྒྲུབ་སྟངས། སྐུལ་འདེད་ལམ་སྲོལ་བཅས་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བཏང་ནས། “གཟུགས་བརྙན”དང“བློ་སྦྱོང”གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འབྲུ་རིགས་བདེ་འཇགས་གཙོ་གནད་དུ་འཛིན་པའི་ཞིང་ལས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། ཞིང་ལས་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ནས་མཛེས་སྡུག་ལྡན་པའི་དཔལ་འབྱོར་བར་དང་དེ་ནས་མཛེས་སྡུག་ལྡན་པའི་འཚོ་བའི་བར་གྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ཡོད།

    ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དཔུང་ཁག་སྟོབས་ཆེར་བཏང་བ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་5540སྒྲིག་འཛུགས་བྱས་ནས་དྲ་མིག་ཚན་པ་178ནང་གི་ཡུག་ཁུལ་དང་། དུད་ཚང་། གྲོང་མི་བཅས་འགན་གཙང་བླངས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་དང་། གྲོང་ཚོ(གྲོང་ལྷན)དང་མང་ཚོགས་ཚང་མ་དཔེ་སྟོན་གྲོང་ཚོ་དང་། ཚད་གཞི་ལོན་པའི་གྲོང་ཚོ། ཉམས་ཞན་གྲོང་ཚོ། དཔེ་སྟོན་དུད་ཚང་། སྐུལ་སློང་དུད་ཚང་། ཁྲིད་སྟོན་དུད་ཚང་བཅས་གནད་སྨིན་དབྱེ་འབྱེད་བྱས་ནས། རིགས་དབྱེ་ཇུས་བསྟར་དང་གནད་སྨིན་དོ་དམ་མཐའ་འཁྱོངས་བྱས་ཡོད། རིགས་13དང་འབྲེལ་བ་ཡོད་པའི་སྤྱི་པའི་ཞབས་ཞུའི་འགན་ནུས་ཁག་57གྲོང་ཚོ་རིམ་པ་དང་པོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་གཤམ་སྒྱུར་བྱས་ནས་གྲོང་ཚོ་རིམ་པའི་དམངས་ཕན་ཞབས་ཞུའི་ཚབ་གཉེར་ཚབ་སྒྲུབ་ལམ་ལུགས་ཁྱབ་གདལ་བཏང་བས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། “མང་ཚོགས་ལ་དོན་དག་ཡོད་ན་གྲོང་ཚོས་བསྒྲུབ་རྒྱུ”མངོན་འགྱུར་བྱུང་ཡོད།

    དམར་གྲོང་རྡལ་འདི་ཉིད་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞི་རིམ་ཏང་རྩ་འཛུགས་འགོ་ཁྲིད་ཀྱིས་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བཅོས་སྒྲིག་ནུས་ལྡན་བྱེད་པ་དང་དྲ་མིག་ཁྱབ་པའི་མངོན་ཡོད་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པའི་དཔེ་མཚོན་དང་མིག་དཔེར་བརྩིས་ནས། ཏང་ཀྲི་པུའུ་དྲ་མིག་ནང་འཛུགས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ་དེ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིའི་ལས་འགན་བསྒྲུབས་ཚུལ་གྱི་གདེང་འཇོག་དང་དཔྱད་ཞིབ་ནང་འཇུག་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་འཚམས་འདྲི་ཆེན་པོ་བྱས་ནས་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ། མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བཅས་བྱས་པས། གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཐའ་མའི་ལྷུ་ཚིགས་ཀྱི་ལས་དོན་སྒྲུབ་སེམས་ཆེ་རུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་དང་འབྲེལ་བ་ཡོད་པའི་སྤྱི་འདོམས་བསྡུ་སྒྲིལ་གྱི་རྣམ་གྲངས་ཁྱོན་164ལག་བསྟར་བྱས་པ་དང་མིག་སྔར་རྣམ་གྲངས་148ལེགས་གྲུབ་ཟིན་ཡོད། 2024ལོར་ཁག་དང་པོའི་འབྲེལ་མཐུད་མ་དངུལ་རྣམ་གྲངས་155ཡོད་པ་དེ་དག་གི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་15.13ཟིན་གྱི་ཡོད།

    ཐོན་ལས་ལ་མཐོང་ཆེན་བྱས་པས་འབབ་འཕར་བརྟན་པོ་བྱུང་བ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རིང“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དེ་རྣམ་གྲངས་ཐོག་གཅིག་སྡུད་བྱས་ཏེ་ཐབས་ཤེས་བསམ་བློ་གཏོང་བ་དང་། ཐབས་ཤེས་དངོས་སྤྱོད་པ། བྱེད་ཐབས་དངོས་འདོན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་། རྣམ་གྲངས་ཆེན་པོར་དམ་འཛིན། རྣམ་གྲངས་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    རྒུ་རུམ་གྲོང་རྡལ་གྱི་སྒྲིག་བཀོད་ཞིང་ལས་གླིང་ནི་སྟོད་ལུང་བདེ་ཆེན་ཆུས་ས་གཙང་ཀུང་སིའི་ཐོན་ལས་གླིང་གི་ཁོངས་སུ་གཏོགས་ཤིང་། དེའི་རྒྱ་ཁྱོན་མུའུ་2500ལྷག་ཙམ་ཟིན་པ་དང་། དེར་ཉི་འོད་དྲོད་ཁང་631དང་མྱུག་གསོ་དྲོད་ཁང་1བསྐྲུན་ཡོད་པ་རེད།

    གླིང་ཁུལ་བསྐྲུན་ནས་བེད་སྤྱོད་བཏང་ཚུན“སྲིད་གཞུང་གིས་ལས་སྟེགས་བསྐྲུན་པ་དང་། ཁེ་ལས་ཀྱིས་ལས་དོན་སྒྲུབ་པ། ཞིང་པར་ཕན་པ་ཐོབ་པ། འཕེལ་རྒྱས་མཉམ་སྤྱོད”བཅས་ཀྱི་འདུ་ཤེས་གཞིར་བཟུང་། ས་གཙང་བདེ་ཐང་ཐོན་ལས་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་མི་མང་ཚོགས་ཀྱི“ཚལ་ཞིང”དང“ཤ་ཚལ་སྒོང་གསུམ”ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི“དངུལ་ཁུག”ལྗིད་ཏིག་ཏིག་ཏུ་གྱུར་ཡོད། “འདི་གར་ལས་ཀ་སྟབས་བདེ་ལ་ཁྱིམ་དང་ཐག་ཉེ་བའི་ཁར་ཉིན་གླ་སྒོར་150ཡོད་པས་ཟླ་བ་གཅིག་ལ་སྒོར་4500ལྷག་ཙམ་རག་གི་འདུག གཞན་ཡང་ལོ་ལྟར་ས་ཞིང་བརྒྱུད་བཤུག་བྱས་པའི་ཡོང་འབབ་སྒོར་ཁྲི་1.5ཙམ་རག་གི་འདུག་པས་ཁྱིམ་ཚང་གི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་གླིང་ཁུལ་དུ་ལས་ཀ་ལོ་5བྱས་ཟིན་པའི་མིག་དམར་ཆོས་སྒྲོན་གྱིས་བཤད།

    རྒུ་རུམ་གྲོང་རྡལ་གྱི་སྒྲིག་བཀོད་ཞིང་ལས་གླིང་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་ནི་ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས་ལ་དམ་འཛིན་དང་། ཐོན་ལས་དར་རྒྱས། དར་རྒྱས་ལ་སྐུལ་གཏོང་བཅས་མཐའ་འཁྱོངས་བྱས་པའི་བསྡུས་རིས་ཙམ་ཞིག་རེད།

    གྲངས་གཞི་ལས་མངོན་པར། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་ཚད་ལྡན་གཉེར་སྐྱོང་བྱས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ཁྱིམ་ཚང་ཞིང་ར(འབྲོག་ར)127ཡོད་པའི་ནང་རང་སྐྱོང་ལྗོངས་རིམ་པའི་ར་བ་7ཡོད་པ་དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔེ་སྟོན་ཁང་141ཡོད་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་17དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁང་15ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་56ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཁེ་ལས་10དང་རང་སྐྱོང་ལྗོངས་རིམ་པའི་ཁེ་ལས་9ཡོད་པ་རེད།

    མཉམ་ཤུགས་གཅིག་ཏུ་བསྒྲིལ་པས་རྣམ་པ་གསར་པ་མངོན་པ།

    “ངས་དེ་རིང་ཡེ་ཙི་ཞིག་བརྗེས་པ་ཡིན། བསགས་པའི་སྐར་མ་དང་འཚོ་བའི་མཁོ་ཆས་བརྗེ་རྒྱུ་དེ་ཧ་ཅང་ཡག་པོ་འདུག རྗེས་མ་ངས་མུ་མཐུད་ཤུགས་བརྒྱབ་སྟེ་གྲོང་ཚོའི་བྱེད་སྒོར་མང་ཙམ་ཞུགས་ནས་སྐར་མ་མང་ཙམ་བསགས་ཏེ་དངོས་པོ་དེ་བས་མང་བ་བརྗེ་ཐུབ་པར་བྱེད་ཀྱི་ཡིན”ཞེས་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་དོན་གཅོད་ཁྲུའུ་སྤང་ཕུ་གྲོང་ཚོའི་སྐར་གསོག་བརྗེ་སར་གྲོང་མི་ཉི་མས་འཛུམ་དམུལ་དམུལ་ངང་བཤད།

    གྲོང་ཚོའི“སྐར་གསོག་བརྗེ་སའི་ཟོག་སྒྲོམ་ཐོག་སྐར་མ་ག་ཚོད་དགོས་མིན་གསལ་པོར་བཀོད་པའི་བཟའ་སྣུམ་དང་། འདག་ཁུ། གཙང་ཤོག ཡེ་ཙི་སོགས་འཚོ་བའི་མཁོ་ཆས་གྲལ་འགྲིག་པོར་བཞག་ཡོད་པ་གསར་འགོད་པས་མཐོང་བྱུང་། “‘སྐར་གསོག་ལམ་ལུགས’ཁྱབ་གདལ་བཏང་བ་དང་བསྟུན་ནས་གྲོང་མིའི་དབར་རྩོད་གཞི་ཉུང་དུ་ཕྱིན་པ་དང་ཕན་ཚུན་རོགས་རམ་བྱེད་མཁན་མང་དུ་ཕྱིན་ནས་དེ་གོང་ཚང་མས་སྒྲུབ་འདོད་མེད་པ་ནས་ད་ཆ་ལས་དོན་སྒྲུབ་སེམས་ཆེ་རུ་ཕྱིན་ཏེ་འཚོ་བའི་རྣམ་འགྱུར་དང་གོམས་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ‘སྐར་གསོག་བརྗེ་རེས’ནི་སྐར་མ་ཁོ་ན་གསོག་པ་ཞིག་མིན་པར་དེ་ལས་ཡ་རབས་སྲོལ་བཟང་མངོན་གྱི་ཡོད”ཅེས་གྲོང་མི་ཉི་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    གྲོང་གསེབ་མཛེས་པ་དང་། ཐོན་ལས་དར་བ། ཞིང་པ་འབྱོར་ཕྱུག་བཅས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་རི་མོ་གསར་པ་ཞིག་ལྷ་ས་གྲོང་ཁྱེར་དུ་རིམ་བཞིན་མངོན་བཞིན་མཆིས། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས“འགོ་ཚུགས་མ་ཐག་རྒྱལ་ཕམ་ཐག་གཅོད་བྱེད་པ་དང་འགོ་བརྩམས་མ་ཐག་གདོང་མཆོང་བྱེད་པའི”ངར་ཤུགས་ལ་བརྟེན་ནས“ཁྲི་སྟོང་ལས་གྲྭར”གང་མགྱོགས་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས། ཞིང་ལས་ཀྱི་ཐོན་ནུས་རིམ་པ་སླར་ཡང་མཐོར་གཏོང་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་སླར་ཡང་ལེགས་གཏོང་། གྲོང་གསེབ་མཛེས་སྡུག་དང་སྔོ་འགྱུར་ལ་སླར་ཡང་སྐུལ་གཏོང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སླར་ཡང་རིམ་སྤོར། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་སླར་ཡང་ཆེར་གཏོང་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།