དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་ལྔ་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-10

    སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་6ཚེས་4ནས་ཚེས་6ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་ལྔ་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་ཞིང་། སྐོར་གཟིགས་ཚོགས་ཆུང་གིས་ལྷོ་ཁ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང(གྲོང་ཁྱེར་དང་ཆུས)དང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ནོར་སྲིད་ཐིང་། སྡོད་ཁང་འཛུགས་སྐྲུན་ཐིང་། ཁྲོམ་ར་ལྟ་འདོམས་ཅུས། སྨན་རྫས་ལྟ་འདོམས་ཅུས་སོགས་ཚན་པའི་ཏང་ཙུའུ་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་ཡིན་པ་རེད།

    སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཁག་གིས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུ་མ་འཚོགས་གོང་། སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐོར་གཟིགས་བྱ་ཡུལ་ཚན་པའི་ཏང་སྲིད་འགན་འཁུར་བ་གཙོ་བོར་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་བརྡ་ཁྱབ་བཏང་བ་རེད། ཚོགས་འདུའི་ཐོག སྐོར་གཟིགས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཙུའུ་ཀྲང་གིས་སྐུལ་སློང་གཏམ་བཤད་བྱས་ཏེ། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྐོར་གཟིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྐོར་གཟིགས་ལས་དོན་ཏན་ཏིག་སྤེལ་བ་བཅས་ལ་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ཚན་པར་ལས་དོན་ཉིན་60ཙམ་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ཆེད་མངགས་ལས་རེས་ཀྱི་ཁ་པར་ཨང་གྲངས་དང་སྦྲག་སྲིད་ཡིག་སྒམ་དང་ཡིག་འབུལ་ཞུ་བཅར་གྱི་བསམ་འཆར་སྒམ་སོགས་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་བཏོད་དེ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡིག་འབུལ་ཞུ་བཅར་ལ་བདག་སྤྲོད་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས། དེ་བཞིན་སྐོར་གཟིགས་དག་ཐེར་སོགས་ལས་འགལ་བའི་རིགས་ཀྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་གཟིགས་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་ལ་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ་7ཚེས་26ཉིན་བར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།