རང་ལྗོངས་ཀྱིས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་ཚན་རྩལ་གཟའ་འཁོར་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་སྣེ་ཁྲིད་དེ་བོད་ལྗོངས་ཞིང་ལས་མ་འཇོག་ཚོགས་པ་དང་། ལྷ་ས་གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས། ལྷ་ས་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་མཛོད། པའེ་ཏ་ཧོང(བོད་ལྗོངས)གསེར་སྙེ་འབྲུ་རིགས་ཉོ་ཚོང་ཀུང་སི་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་ཀྱིས་2024ལོའི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་ཚན་རྩལ་གཟའ་འཁོར་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཚོར་འབྲུ་རིགས་བདེ་འཇགས་དང་། འབྲུ་རིགས་གྲོན་ཆུང་། འབྲུ་རིགས་ལ་གཅེས་སྤྲས། འབྲུ་རིགས་གྲབས་གསོག་དོ་དམ་སོགས་ཀྱི་ནང་དོན་ཁྱབ་གདལ་བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ལ“གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འབྲུ་རིགས་ཐོན་འཕར་དང་གྲབས་གསོག་བྱེད་པར་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་རྩོམ་སྒྲིག་པར་འདེབས་བྱས་པའི་འབྲུ་རིགས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་གཞི་དང་རང་སྒྲིག་དཔྱད་གཞི་གང་ལེགས་སྤྱད་དེ། འཕྲེད་འགེལ་སྦྱར་ཡིག་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད། འབྲུ་རིགས་ལ་དགའ་ཞེན་དང་འབྲུ་རིགས་གྲོན་ཆུང་། བདེ་ཐང་བཟའ་བཏུང་། འབྲུ་རིགས་དང་དངོས་ཟོག་གི་ཚན་རྩལ་གྲུབ་འབྲས་དྲིལ་བསྒྲགས་སོགས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཚོར་འབྲུ་རིགས་ལ་གཅེས་སྤྲས་དང་བདེ་ཐང་བཟའ་བཏུང་གི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱས་ཡོད།