དགུན་གྲོ་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ།
ཉིན་རེའི་འཕྲུལ་བསྡུའི་རྒྱ་ཁྱོན་ཉིན་9བསྟུད་མར་མུའུ་ཁྲི་1000ལས་བརྒལ་བ།
ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། དགུན་གྲོ་འཕྲུལ་བསྡུའི་ལས་དོན་ལྷོ་ནས་བྱང་དུ་མགྱོགས་མྱུར་སྤེལ་བཞིན་ཡོད་པ་དང་། ཟླ་6ཚེས་5ཉིན་བར། ས་གནས་ཁག་གིས་དགུན་གྲོ་མུའུ་དུང་ཕྱུར་1.9བསྡུས་ནས་སྡུད་ཚད་57%ཟིན་ཡོད་པ་དང་། ཧུའུ་པེ་དང་སི་ཁྲོན་གྱི་གྲོ་བསྡུས་ཚར་བ་དང་། ཨན་ཧུའེ་དང་ཧོ་ནན་གྱི་གྲོ་བཅུ་ཆ་དགུ་ལྷག་ཙམ་བསྡུས་ཟིན་པ། ཧྲའན་ཤིས་ཀྱི་གྲོ་བཅུ་ཆ་བཞི་བསྡུས་ཟིན་པ། ཧོ་པེ་དང་། ཧྲན་ཤིས། ཅང་སུའུ། ཧྲན་ཏུང་སོགས་ཞིང་ཆེན་གྱི་གྲོ་ད་ཆ་བསྡུ་བཞིན་པའི་སྒང་ཡིན་པ་རེད།
ཞིང་འཕྲུལ་འདང་ངེས་དང་འགན་ལེན་ནུས་ལྡན་ཡོད་པའི་རྐྱེན་གྱིས། མིག་སྔར་གྲོ་བསྡུའི་ལས་དོན་གྱི་འཕེལ་རིམ་སྤྱིར་ན་བདེ་བླག་ཡོད་པ་མ་ཟད། ཉེ་ཆར་གྲོ་བསྡུའི་ས་གནས་མང་ཆེ་བར་གནམ་གཤིས་ཡག་པོ་བསྟན་པས་ཉིན་རེའི་འཕྲུལ་བསྡུའི་རྒྱ་ཁྱོན་ཉིན་9བསྟུད་མར་མུའུ་ཁྲི་1000ལས་བརྒལ་ཡོད་པ་རེད། ཀྲུང་གོ་གནམ་གཤིས་ཅུས་ཀྱི་གནམ་གཤིས་སྔོན་བརྡ་ལྟར་ན། འབྱུང་འགྱུར་གཟའ་འཁོར་གཅིག་ནང་གྲོ་བསྡུའི་ས་ཁུལ་མང་ཆེ་བར་གནམ་གཤིས་ཡག་པོ་བསྟན་ནས་སྤྱིར་ན་གྲོ་བསྡུའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་རྒྱུ་ཡིན་པ་རེད།