དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནས་ནུབ་རྒྱུད་ཀྱི་ སྒོ་དབྱེ་མཉམ་ལས་ཀྱི་འགྱུར་ལྡོག་ལ་ལྟ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-06-09

    ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་གློག་འཕྲིན་འབྱོར་གསལ། “མཚོ་སྔོན་ནི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲོགས་པོ་རྙིང་པ་ཞིག་རེད། འདི་ལོ་ས་གནས་ས་ཐོག་ཏུ་འཁྲུག་ཆ་དོད་པོ་འདི་འདྲ་ཡོད་པ་ང་ཚོའི་བསམ་ཡུལ་ལས་འདས”མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཚོང་རྟགས་སྤུས་རྟགས་འཛུགས་སྐྱོང་དང་ཕྱི་ཕྱོགས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཀའོ་ཞང་གིས“ཉིན་དང་པོ་དང་གཉིས་པར་མཚོ་སྔོན་གྱི་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར་1.5ཟིན་འདུག”ཅེས་བཤད།

    དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་རྗེས། ནུབ་རྒྱུད་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་འགྲེམས་ཚོགས་ཐེངས་དང་པོ་སྟེ། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དྲུག་པ་ཚེས་23ནས་26ཉིན་བར་ཁྲུང་ཆིང་དུ་འཚོགས་པ་རེད།

    ལོ་དྲུག་རིང་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ཆེ་ཆུང་མང་པོར་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ཏེ། “གྲོགས་པོ་རྙིང་པའི”མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་དང་། “གྲོགས་པོ་གསར་པ”གཅིག་རྗེས་གཉིས་མཐུད་ངང་ཡོང་བཞིན་ཡོད། འགྲེམས་ཁང་དུ་གྲོགས་པོ་གསར་རྙིང་ཚོས་ནུབ་རྒྱུད་ས་ཁུལ་གྱི་སྒོ་དབྱེ་མཉམ་ལས་ཀྱི་འགྱུར་ལྡོག་གླེང་བཞིན་མཆིས།

    “ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུ་བརྒྱུད་ང་ཚོས་མཐོང་ཐུབ་པ་ནི་ནུབ་རྒྱུད་ས་ཁུལ་གྱིས་སྒོ་དབྱེར་བཅངས་པའི་འགྱུར་མེད་ཀྱི་སྤྲོ་སེམས་དང་དངོས་སྒྲུབ་གསར་གཏོད་ཀྱི་རྩ་བའི་གཏན་ཚིགས་རིག་པ་དེ་རེད”ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་འགྲེམས་ཁང་གི་ལས་དོན་པ་ཐུའུ་ལུང་ཐའོ་ནི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ཐེངས་བཞི་པ་ཡིན་ཞིང་། ཁོང་གིས“འདི་ལོ་ང་ཚོའི་ཅིའུ་ལུང་ཕོ་འགྲེམས་ཁང་གིས་ཁེ་ལས་ལ་འོས་སྦྱོར་བྱེད་པར་མཐོང་ཆེན་བྱས་ནས་ཁེ་ལས་ལ་མཉམ་ལས་ཀྱི་མངགས་ཐོ་རག་པར་རམ་འདེགས་བྱེད་ཀྱི་ཡོད”ཅེས་བཤད།

    ཅིའུ་ལུང་ཕོ་ཆུས་ཀྱི་འགྲེམས་ཁང་ནང་གི་པོ་ཧྲི་ཆིང་སྒུལ་ཤུགས་ཀྱི་དཔེ་དུམ་དང་། གཞི་གཅིག་ཅན་གྱི་མཉམ་འདུས་འཕྲུལ་མི། རྨ་ཆུའི་ནུས་རྒྱུ་གསར་པའི་སྦག་སྦག་སོགས་ཐོན་རྫས་རབ་དང་རིམ་པས་ལྟ་སྐོར་བའི་ཡིད་དབང་བཀུག་ཡོད། “འགྲེམས་ཚོགས་ནང་ཞུགས་མཁན་གྱི་ཁེ་ལས་ཚང་མར་ཧུར་སེམས་ཆེན་པོ་འདུག རང་ཉིད་ཀྱི་བཀྲག་མདངས་འཚེར་ས་ངོམས་པ་ཕུད། ད་དུང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གཞན་གྱི་འགྲེམས་སྟེགས་སུ་བརྟག་ཞིབ་བྱེད་པར་འགྲོ་ཡི་འདུག”ཅེས་ཐུའུ་ལུང་ཐའོ་ཡིས་བཤད།

    “ཨུ་རུ་སུ་དང་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་མི་ཉུང་བ་ཞིག་ང་ཚོའི་འགྲེམས་སྟེགས་སུ་ཡོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། ཕན་ཚུན་མིང་བྱང་བརྗེ་རེས་ཀྱང་བྱས་པ་ཡིན”ཞེས་མཚོ་སྔོན་གྱི་ཁེ་ལས་འཇུ་ལག་པའེ་ལི་མེ་ཏོག་སྦྲང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་དབྱིང་གིས་བཤད།

    “ད་ཐེངས་ང་ཚོས་ས་གནས་ས་ཐོག་ཏུ་སྒོར་ཁྲི་480ཟིན་པའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་ཀྱི་གན་རྒྱ་བཞག་པ་ཡིན”ཀྲང་དབྱིང་གིས་འདི་ནི་ང་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ཐེངས་དང་པོ་ཡིན་ཞེས་བཤད་པ་དང་། ཡང་ཁོང་གིས“འདི་ལོར་ཕྱི་ཕྱོགས་ཚོང་དོན་གྱི་ལས་སྒོ་མུ་མཐུད་རྒྱ་ཆེར་གཏོང་རྩིས་ཡོད་པར་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུས་ང་ཚོར་ལས་སྟེགས་དེ་བས་ཆེ་བ་མཁོ་འདོན་བྱས་བྱུང”ཞེས་བཤད།

    འགྱུར་བ་མེད་པའི་ཡིད་ཆེས་དང་སྤྲོ་སེམས་ཕུད། སྐབས་འདིའི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུར་འགྱུར་ལྡོག་གསར་པ་ཞིག་བྱུང་ཡོད་པ་ནི་དེའི་ནང་ཞུགས་མཁན་ཞིང་ཆེན་མང་དུ་ཕྱིན་པ་དང་དབུས་ཤར་རྒྱུད་ཀྱི་ཞིང་ཆེན་ཁག་གཅིག་གི་འགྲེམས་ཁང་ཡང་དེའི་ནང་ཞུགས་ཡོད་པ་དེ་རེད།

    འདི་ལོ་མཚོ་སྔོན་གྱིས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་སྤུས་རྟགས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་བཙུགས་ཡོད་པ་དང་། བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་སྤེལ་ཐེངས་རེར“ཁྱིམ་མཚེས”རྣམས་ལྟད་མོ་ལྟ་བར་ཡོང་བ་ལས་དོན་མི་སྣས་མཐོང་གི་ཡོད། མཚོ་སྔོན་འགྲེམས་ཁང་དང་ཐག་མི་རིང་བའི་སར་པེ་ཅིང་དང་། ཅང་ཤིས། ཧྲན་ཏུང་སོགས་ཤར་རྒྱུད་དང་དབུས་རྒྱུད་ཞིང་ཆེན་གྱིས་ཀྱང་ཆེད་མངགས་འགྲེམས་ཁང་བཙུགས་ཡོད།

    “འདི་ནི་ང་ཚོ་ནུབ་རྒྱུད་ས་ཁུལ་གྱི་འགྲེམས་ཚོགས་ནང་ཞུགས་ཐེངས་དང་པོ་ཡིན”ཀྲེ་ཅང་འགྲེམས་ཁང་དུ་ཅ་ཤིང་ཡན་ཧྲི་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་འགྲེམས་གནས་ཀྱི་ལས་དོན་པ་ཧྲི་ལིས“ཕྱི་རྒྱལ་གྱི་འགྲེམས་ཞུགས་ཚོང་པ་མང་པོ་ཞིག་གིས་ང་ཚོའི་ཐོན་རྫས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད།

    ཁེ་ལས་དེ་ནི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཀྱི་མཐོ་གསར་ལག་རྩལ་གྱི་ཁེ་ལས་ཤིག་ཡིན་ཞིང་། དེའི་ལག་རྩལ་གྱི་འགྲན་རྩོད་ནུས་པ་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ནུབ་རྒྱུད་ཀྱི་འགྲེམས་ཚོགས་ནང་ཞུགས་ཐེངས་དང་པོ་ཡིན་མོད། འོན་ཀྱང་ཁེ་ལས་དང་ནུབ་རྒྱུད་དབར་གྱི་ལས་འབྲེལ་དེ་སྔ་ནས་འགོ་ཚུགས་ཡོད། ན་ནིང་ཁེ་ལས་དང་ཁྲུང་ཆིང་གི་རླངས་འཁོར་སྤུས་རྟགས་སའེ་ལི་སི་ཚོགས་པའི་དབར་མཉམ་ལས་བྱས་ནས་རླངས་འཁོར་ཐོག་གི་གྲིབ་མེད་བརྙན་སྟོན་གྱི་འབྲེལ་ཡོད་ཐོན་རྫས་མཁོ་འདོན་བྱས་ཡོད།

    ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་སྤེལ་རེས་ལས་སྟེགས་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ལ་བརྟེན་ནས་ཤར་ནུབ་ཁུལ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ནུབ་རྒྱུད་ཀྱི་ལས་རྣམ་གསར་པ་དང་ཐོན་ལས་གསར་པ་ཟམ་མི་ཆད་པར་མཚོ་སྔོན་དུ་ཐོན་པ། ནུབ་རྒྱུད་ཀྱི་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་པ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར། ད་ཐེངས་ཀྱི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་ནང་ཕྱི་རྒྱལ་གྱི་མ་དངུལ་བཏང་བའི་རྣམ་གྲངས་12ཡོད་པ་དང་། དངོས་སུ་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་267.24ཟིན་པ་དེ་ཨུ་རུ་སུ་དང་། སི་ཕེན། རི་པིན་སོགས་རྒྱལ་ཁབ་དང་ས་ཁུལ་12དང་འབྲེལ་བ་ཡོད།

    “ང་ཚོས་ནུབ་རྒྱུད་ཀྱི་མ་འཇོག་ཁོར་ཡུག་ལ་མུ་མཐུད་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”ཅེས་ཤང་ཀང་གི་མ་འཇོག་ཁེ་ལས་ཞའོ་ཡུས་ཏན་ཚོགས་པའི་ཏུང་ཧྲི་མོང་ཝུའེ་ཧོན་གྱིས་བཤད་པ་དང་། ཡང་ཁོང་གིས། དངུལ་རྩའི་ཚན་རྩལ་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཀུང་སི་ཁྲུང་ཆིང་དུ་གཞི་ཚུགས་ནས་ལོ་10ཙམ་སོང་འདུག “དེ་གའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱས་པ་དེས་ང་ཚོར་ཡིད་ཆེས་དེ་བས་ཆེན་བ་སྦྱིན་བྱུང”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།