མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་འཛམ་གླིང་ལ་ཁྱབ་སྤེལ་གཏོང་བ།
གང་འདྲ་ཞིག་ལ་ཀོ་འཚེམ་ཟེར་རམ།
ཀོ་འཚེམ་ནི་གནའ་བོའི་ཆའང་གི་དུས་རབས་ནས་བྱུང་བ་དང་། ཀོ་རྒྱུ་སྣ་ཚོགས་ཐོག་འཚེམ་དྲུབ་རྒྱག་པའི་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་ཞིང་། དེར་རྨད་དུ་བྱུང་བའི་ལག་རྩལ་དང་། ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཉམས་འགྱུར། ཕུན་སུམ་ཚོགས་པའི་རིག་གནས་བཅས་བསྡུས་པ་མ་ཟད། ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པ་རེད།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་24ཉིན་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དྲུག་པའི་ཐོག་བཟོ་བཀོད་ལེགས་པའི་ཀོ་འཚེམ་དང་། ཐང་ག ལག་ཤེས་ཐོན་རྫས་སོགས་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁུལ་གྱི་ཁྱད་ལྡན་ལག་ཤེས་ཐོན་རྫས་ལས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད། བརྩམས་ཆོས་དེ་དག་ནང་སྒྱུ་རྩལ་མཁས་ཅན་གྱི་སེམས་ནུས་དང་བློ་གྲོས་གཅིག་ཏུ་འདུས་ཡོད་ལ། མཚོ་སྔོན་གྱི་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། དེ་དག་ལས་མཚོ་སྔོན་གྱི་བཟོ་རྩལ་མཛེས་རིག་གི་རྨད་དུ་བྱུང་བའི་ལག་ཤེས་དང་ཁྱད་དུ་འཕགས་པའི་ཉམས་འགྱུར་མཚོན་ཡོད།
“ཐང་གར་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་འདུག”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གསེར་སྐུད་ཐང་གའི་རྒྱུན་འཛིན་པ་ལུའོ་མེ་ལེ་བྲེལ་བརྩོན་ཧ་ཅང་ཆེ། གང་ཡིན་ཟེར་ན། མི་ལ་ལས་ཁོང་ལ་ཐང་གའི་ལོ་རྒྱུས་རིག་གནས་སྐོར་སྐད་ཆ་འདྲི་བ་དང་། མི་ལ་ལས་ཐང་གའི་ནང་དོན་མི་འདྲ་བའི་གོ་དོན་དང་མཚོན་རྟགས་སྐོར་སྐད་ཆ་འདྲི་ཡི་ཡོད། ཁྲུང་ཆིང་གི་གྲོང་མི་ཀྲའོ་ལགས་ཀྱིས་ཐང་ག་ཉོས་ནས་རང་ཉིད་ཀྱི་ཨ་མར་སྤྲོད་རྩིས་ཡོད་པ་རེད། “ལོ་ཉི་ཤུའི་གོང་ནས་ཅིང་ཐའེ་ལན་གྱི་གསེར་སྐུད་གཏོང་བའི་ལག་རྩལ་དང་ཐང་ཁ་ཟུང་འབྲེལ་བྱེད་པའི་རིག་པ་རྙེད་བྱུང་། དེ་ནས་ཚོད་ལྟ་གྲངས་མེད་བྱས་པ་བརྒྱུད་མཐར་ལེགས་གྲུབ་བྱུང་སོང་། ད་ལྟ་ངས་ས་ཆ་དངོས་སུ་ལག་རྩལ་དེ་འགྲེམས་སྟོན་བྱེད་ཀྱི་ཡིན། ད་ཐེངས་ངས་ཐང་ག་སྤུས་ལེགས་30ལྷག་ཙམ་ཁྱེར་ཡོད་པས་མི་མང་པོ་ཞིག་གིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ད་དུང་མི་ཉུང་བ་ཞིག་གིས་ཐང་ག་མངགས་ཉོ་བྱས་སོང་། ངས་འགྲེམས་སྟོན་ཆེན་པོ་དེ་འདྲ་བརྒྱུད་ནས་མི་དེ་བས་མང་པོས་ཐང་གར་རྒྱུས་ལོན་དང་ཐང་གའི་རིག་གནས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ལུའོ་མེ་ལེ་ཡིས་བརྗོད།
ལག་གཅིག་ལ་ཀོ་རྒྱུ་ཉར་བ་དང་ལག་གཞན་དེས་ཁབ་བཟུང་བ་སོགས་མཚོ་སྔོན་གྱི་ཆའང་ལུགས་འཚེམ་དྲུབ་ལག་ཤེས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་ཀོ་འཚེམ་ཞིབ་འཇུག་གསར་སྤེལ་པུའུ་ཡི་ཅིང་ལི་ཆི་ཆིན་ཧྥང་གིས་བློ་རྩེ་གཅིག་སྒྲིམ་ངང་སེ་འབྲུའི་རི་མོ་ཞིག་འཚེམ་བཞིན་ཡོད། ཁོང་གི་ལག་ནང་གི་འཚེམ་ཁབ་དེ་མཛུབ་མོའི་འགྲོས་དང་བསྟུན་ནས་བདེ་ལྕག་འཁྱུག་པོས་ཀོ་རྒྱུའི་སྟེང་ཡར་རྒྱུག་མར་རྒྱུག་བྱེད་བཞིན་མཆིས།
གང་འདྲ་ཞིག་ལ་ཀོ་འཚེམ་ཟེར་རམ། ཆི་ཆིན་ཧྥང་གིས་གསར་འགོད་པར། ཀོ་འཚེམ་ནི་གནའ་བོའི་ཆའང་གི་དུས་རབས་ནས་བྱུང་བ་དང་། ཀོ་རྒྱུ་སྣ་ཚོགས་ཐོག་འཚེམ་དྲུབ་བྱེད་པའི་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་ཞིང་། དེར་རྨད་དུ་བྱུང་བའི་ལག་རྩལ་དང་། ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཉམས་འགྱུར། ཕུན་སུམ་ཚོགས་པའི་རིག་གནས་བཅས་བསྡུས་པ་མ་ཟད། ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་ཅེས་ངོ་སྤྲོད་བྱས།
སྟོང་སྐོར་ས་ཁུལ་གྱི་འཚེམ་དྲུབ་མའི་སྣེ་ཁྲིད་དེ་འཚེམ་དྲུབ་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་ནི་ཆི་ཆིན་ཧྥང་གི་བསམ་འདུན་ཡིན་ཞིང་། ཁོང་གིས་སློབ་སྦྱོང་བྱེད་ཞོར་ལ་བྱ་གཞག་གཏོད་པ་དང་བྱ་གཞག་གཏོད་ཞོར་ལ་སློབ་སྦྱོང་བྱེད་པའི་ཁྲོད་འབད་བརྩོན་ལྷོད་མེད་ཀྱི་སྙིང་རུས་ལ་བརྟེན་ནས་2017ལོའི་ཟླ་9པར་མི་གཞན་དང་མཉམ་དུ་མཚོ་སྔོན་ཆའང་ལུགས་འཚེམ་དྲུབ་སྒྱུ་རྩལ་ལག་ཤེས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་རེད། “ཁྱེད་ཀྱིས་ལག་གདུབ་དེར་གཟིགས་དང་། དེའི་ཐོག་རི་མོ་མི་འདྲ་བ་ཇུས་འགོད་བྱས་ཡོད། ང་ཚོས་དགོས་མཁོ་མི་འདྲ་བར་གཞིགས་ནས་ཐོན་རྫས་མི་འདྲ་བར་མཛེས་ལྗོངས་དང་། མེ་ཏོག འདབ་ཆགས། མི་སྣ་སོགས་ཀྱི་རི་མོ་མི་འདྲ་བ་ཇུས་འགོད་དང་འཚེམ་དྲུབ་རྒྱག་གི་ཡོད”ཅེས་ངོ་སྤྲོད་བྱས།
ཁོང་གིས་ཞིབ་འཇུག་གསར་སྤེལ་དང་སྣེ་ཁྲིད་འོག་ཐོན་སྐྱེད་བྱས་པའི་སྟོང་སྐོར་གྱི་ཀོ་འཚེམ་དེ་ཁྱད་ལྡན་ཀོ་འཚེམ་སྒྲིག་ཆས་ལ་གྱུར་ཡོད། ཟི་ལིང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྟོང་སྐོར་ཀོ་འཚེམ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྟོང་སྐོར་ལྒང་ཞུ་ཟུང་འབྲེལ་བྱས་ནས་བཟོས་པའི་ཁྲི་ལྕོག་གློག་ཞུ་དང་། རོལ་དབྱངས་སྒམ་གྱི་ཀོ་འཚེམ་སྒྲིག་ཆས། ཀོ་འཚེམ་ཁུག་མ། ཁྱད་ལྡན་དྲི་ཞིམ་ཁུག་མ། རྒྱན་ཆ་སོགས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་དང་ཉིན་མཁོའི་དངོས་རྫས་བཅས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
“འགྲེམས་ཚོགས་ནང་ཞུགས་པ་ལས་མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་གི་མིང་གྲགས་ཆེ་རུ་ཕྱིན་ཁར་མཚོ་སྔོན་གྱི་ཁེ་ལས་མཚོ་སྔོན་ནས་ཐོན་ཏེ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་རྒྱུར་གོ་སྐབས་བསྐྲུན་པ་དང་ཁེ་ལས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོ་གཉིས་གསར་སྤེལ་ཧུར་ཐག་བྱེད་པར་ཁྲིད་སྟོན་ཡང་བྱས་ཡོད”ཅེས་ཆི་ཆིན་ཧྥང་གིས་བརྗོད་བྱུང་།
མདུན་སྐྱོད་བྱེད་བཞིན་པའི་མཚོ་སྔོན་གྱིས“ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི”ཤར་རླུང་ལ་བརྟེན་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། དྲང་སྲུང་གསར་གཏོད་དང“འགྲེམས་སྟོན”མཚམས་སྦྱོར་དུ་བྱས་ནས“མཚོ་སྔོན”རྟགས་ཅན་གྱི་སྤུས་དག་ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་རྒྱུན་ཆད་མེད་པར་སྐྱོད་བཞིན་ཡོད།