རང་རྒྱལ་གྱི་སྟོངས་ལ་ཉེ་བའི་ཆུ་སྐྱར་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་པ།
འདི་ནི་མཚོ་སྙིང་གླིང་ཕྲན་གྱི་མཁའ་དབྱིངས་སུ་ཆུ་སྐྱར་ཅི་དགར་འཕུར་བཞིན་པ།
དབྱར་འགོར་ཧྲའན་ཤིས་ཞིང་ཆེན་ཧྲེན་མུའུ་གྲོང་ཁྱེར་གྱི་ཧུང་ཅན་ནའོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཐའ་བཞི་ཆུ་ཡིས་བསྐོར་བའི་མཚོ་སྙིང་གླིང་ཕྲན་དུ་ཆུ་སྐྱར་ཁྲི་འདུས་ནས་སྒོ་ང་བསྙོལ་ནས་བྱ་ཕྲུག་མང་པོ་ཐོན་བཞིན་མཆིས། ཞིབ་འཇུག་མི་སྣས་གསར་འགོད་པར། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་དང་བསྟུན་ནས་ཧུང་ཅན་ནའོ་ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་མཐའ་འཁོར་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས། འདི་གར་རྒྱུད་སྤེལ་བར་ཡོང་མཁན་ཆུ་སྐྱར་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་གི་འདུག་ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ཆུ་སྐྱར་ནི་འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་རྩ་ཆེའི་འདབ་ཆགས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཤིག་ཀྱང་ཡིན་ཞིང་། གོ་ལ་ཧྲིལ་པོར་གྲངས་འབོར་ཁྲི་2ལྷག་ཙམ་ལས་མེད། ལོ་རེའི་ཟླ་བ་4པ་ནས་8པའི་བར། ཆུ་སྐྱར་འབོར་ཆེན་པོ་ཧའེ་མཚོ་ཁུག་ནས་ཧུང་ཅན་ནའོ་འདམ་རར་རྒྱུད་སྤེལ་བྱེད་པར་ཡོང་གི་ཡོད། ཟླ་བ་4པའི་ཟླ་མཇུག་ནས་ཟླ་བ་5པའི་ཟླ་འགོར། ཆུ་སྐྱར་གྱིས་ཧུང་ཅན་ནའོ་མཚོ་སྙིང་གླིང་ཕྲན་དུ་ཚང་བཟོས་ནས་སྒོ་ང་གཏོང་བ་དང་། ཟླ་བ་7པ་དང་8པར། བྱ་ཕྲུག་གང་འཚམ་ལོངས་རྗེས་དགུན་སྒྲོལ་སར་གནས་སྤོ་གི་ཡོད།
ཆུ་སྐྱར་གྱི་གྲངས་འབོར་མང་དུ་ཕྱིན་པ་དེ་ཧུང་ཅན་ནའོ་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ་རྒྱུན་མཐུད་ལག་བསྟར་བྱས་པའི་གྲུབ་འབྲས་ཤིག་རེད། གཙང་ཆུ་རྒྱས་དཀའ་བ་ནི་སྔོན་ཆད་ཧུང་ཅན་ནའོ་ལ་ཡུན་རིང་འཕྲད་པའི་དཀའ་གནད་ཅིག་ཡིན་ཞིང་། 2016ལོ་ནས་བཟུང་ཆུ་འདྲེན་ཚད་མང་དུ་གཏོང་བ་དང་ཆུ་ཡུར་གཤོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཧུང་ཅན་ནའོ་ཡི་ཆུ་ཁོངས་ཀྱི་རྒྱ་ཁྱོན་2015ལོའི་སྤྱི་ལེ་ངོས་གྲུ་31.5ནས་ད་ལྟའི་སྤྱི་ལེ་ངོས་གྲུ་37.1བར་ཆེ་རུ་ཕྱིན་ཡོད་པ་རེད།