ཝང་དབྱི་ཡིས་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཤིར་དང་གྲོས་མོལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའུ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཤིར་དང་གྲོས་མོལ་བྱས་པ་རེད།
ཝང་དབྱི་ཡིས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་ཁ་གསལ་དང་། ནང་དོན་སྔར་བས་ཕུན་སུམ་ཚོགས་པ། སྒུལ་ཤུགས་སྔར་བས་ཆེ་བ་བཅས་བྱུང་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་གྱི་འབྲེལ་བའི་ལོ་ལྔ་བཅུའི་འཕེལ་རྒྱས་གྲུབ་འབྲས་ཀྱི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་རྒྱང་ལྟའི་རང་བཞིན་གྱི་མིག་རྒྱང་ནས་འཐབ་ཇུས་འཆར་འགོད་ཡག་པོ་བྱས་ཏེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས་ཞེས་བརྗོད་པ་རེད།
ཤིར་གྱིས། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་སྤྱི་ཚོགས་དང་དམངས་འཚོ་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།