ཨ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡིན།
—— ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧཱ་དབྱི་མཱ་ཅའོ་ཡི་ཚོ་དཔོན་སཱ་ཨོའུ་ཏེར་བཅར་འདྲི་བྱས་པའི་སྐོར་བཀོད་པ།
“ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པས། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བརྒྱུད་ཨ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་གཉིས་ཕན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧཱ་དབྱི་མཱ་ཅའོ་ཡི་ཚོ་དཔོན་སཱ་ཨོའུ་ཏེ·པིན·སཱ་ཀེར·ཁཱ་ཤིས་སྨི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད།
ཧཱ་དབྱི་མཱ་ཅའོ་ཚོ་དཔོན་རྒྱལ་ཁབ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོ་དཔོན་རྒྱལ་ཁབ་བདུན་གྱི་གྲས་ཤིག་ཡིན་ལ། དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་གནས་ཡོད། སཱ་ཨོའུ་ཏེས། མིག་སྔར་ཧཱ་དབྱི་མཱ་ཅའོ་དཔལ་འབྱོར་ཁུལ་དུ་ཁེ་ལས་ཁྲི་2.3ལྷག་ཙམ་བཅའ་སྡོད་བྱས་པའི་ཁྲོད་ཀྲུང་གོའི་ཁེ་ལས་200ལྷག་ཙམ་ཚུད་ཡོད། “མ་འཇོག་ལས་དར་རམ་ཡང་ན་ཡུལ་སྐོར་སྤྲོ་གསེང་གང་ཡིན་རུང་ང་ཚོས་ཀྲུང་གོའི་དམངས་ཚོགས་ཧཱ་དབྱི་མཱ་ཅའོ་རུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། འདི་གར་ཁྱེད་ཚོས་ཐུན་མོང་མ་ཡིན་པའི་རིག་གནས་དང་སྲོལ་རྒྱུན་མྱོང་རོལ་བྱེད་ཐུབ་པ་མ་ཟད། སེམས་རྩ་འཁོལ་ལ་མཛའ་བརྩེ་ལྡན་པའི་མི་དམངས་ཀྱང་མཐོང་ཐུབ”ཅེས་བརྗོད།
ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ཞིང་། སཱ་ཨོའུ་ཏེས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་རིན་ཐང་གི་འདུ་ཤེས་འདྲ་པོ་ཡོད་ལ། འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱང་ཚད་མཐོའི་གཅིག་མཐུན་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་40སོང་རིང་། ཕྱོགས་གཉིས་པོར་འཕེལ་རྒྱས་ཤུགས་ཆེན་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། མིག་སྔར། ཀྲུང་གོ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཨ་རབ་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་དང་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་གཉིས་པ་ཡིན་པ་དང་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་དུ་གཏོང་བའི་ཀྲུང་གོའི་60%ཡི་ཚོང་དོན་དངོས་ཟོག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བརྒྱུད་ཀྱི་ཡོད་ཅེས་བརྗོད།
སཱ་ཨོའུ་ཏེས། འདས་ཟིན་པའི་ལོ་བཅུ་ཕྲག་རིང་། ཀྲུང་གོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད། ཧཱ་དབྱི་མཱ་ཅའོ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། “ཀྲུང་གོ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཧཱ་དབྱི་མཱ་ཅའོ་ཡི་རོགས་ཟླ་གལ་ཆེན་ཞིག་ཡིན་པས། མཛའ་གྲོགས་འབྲེལ་བ་དེ་རིགས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་སྤུས་ཚད་མཐོན་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་རྒྱུན་མཐུད་གཏིང་ཟབ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།