བོད་རང་སྐྱོང་ལྗོངས་ཀྱིས་འཛད་རྫས་གསར་རྙིང་བརྗེ་བའི་ལས་དོན་བཀོད་སྒྲིག་བྱས་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ནོར་སྲིད་ཐིང་། སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་འཛད་རྫས་གསར་རྙིང་བརྗེ་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པའི་ནང་། རླངས་འཁོར་ནུས་རྒྱུ་གསར་པར་བརྗེ་བ་དང་། ཁྱིམ་སྤྱོད་གློག་ཆས་རིག་ནུས་ལ་བརྗེ་བ། ཁང་པ་མཛེས་བཟོ་དང་ཐབ་ཚང་དང་གསང་སྤྱོད་གསར་བརྗེ། ཚུར་བསྡུའི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཞིར་དམིགས་ནས། སྲིད་ཇུས་དང་བྱེད་ཐབས་ཁག་10བཟོས་ཏེ། བོད་ཀྱི་འཛད་རྫས་གསར་རྙིང་བརྗེ་བར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
《ལག་བསྟར་ཇུས་གཞིའི》ནང་། མི་སྒེར་གྱི་རླངས་འཁོར་རྙིང་པ་བེད་མེད་དུ་བཏང་ནས་གསར་སྒྱུར་བྱེད་པར《〈རླངས་འཁོར་གསར་རྙིང་བརྗེ་བའི་ཁ་གསབ་ལག་བསྟར་ཞིབ་སྲོལ〉འགྲེམས་རྒྱུའི་སྐོར་གྱི་ཚོང་དོན་པུའུ་དང་ནོར་སྲིད་པུའུ་སོགས་སྡེ་ཚན་7གྱི་བརྡ་ཐོ》གཞིར་བཟུང་ཁ་གསབ་སྤྲོད་དགོས་པ་ཕུད། བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་སྒོར་3000གི་བཅོས་སྣུམ་གྱི་འཛད་སྤྱོད་སྤ་སེའམ་ཡང་ན་གློག་གསོག་གཱ་ཕྱོགས་བསྡུས་འཛད་སྤྱོད་ཁ་གསབ་སྤྲོད་རྒྱུ་དང་། འཛད་སྤྱོད་པ་མི་སྒེར་གྱིས་ཉིས་བརྒྱུད་རླངས་འཁོར་བཙོངས་ནས་རླངས་འཁོར་གསར་པ་ཉོ་བའམ་ཡང་ན་རླངས་འཁོར་གསར་པ་ཉོ་བའི་རིགས་ལ། རླངས་འཁོར་གྱི་རིན་གོང་ལྟར་སྒོར་2000ནས་15000བར་གྱི་ཁ་གསབ་སྤྲོད་རྒྱུ། འཛད་སྤྱོད་པ་ཞིང་འབྲོག་མང་ཚོགས་ཡིན་རིགས་ལ། ཁ་གསབ་ཚད་གཞི་དེའི་རྨང་གཞིའི་ཐོག་ད་དུང་སྒོར་2000སྤྲོད་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
《ལག་བསྟར་ཇུས་གཞིའི》ནང་། ཁྱིམ་སྤྱོད་གློག་ཆས(ཁྱིམ་སྤྱོད་གསོ་རླུང་བཟོ་འཁོར་ཚུད་པ)གསར་རྙིང་བརྗེ་བར་རྒྱབ་སྐྱོར་བྱ་རྒྱུ་སྟེ། མི་སྒེར་གྱིས་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ལ་ཁྱིམ་སྤྱོད་གློག་ཆས་རྙིང་པ་དང་བེད་མེད་ཕར་བཙོངས་ནས་ཁྱིམ་སྤྱོད་གློག་ཆས་གསར་པ་ཚུར་ཉོས་རིགས་ལ། སྒོར་100ནས་1500བར་གྱི་ཁ་གསབ་སྤྲོད་རྒྱུ། དེ་དང་ཆབས་ཅིག ནུས་མང་རིགས་ཀྱི་ས་མཐོའི་ཐབ་ཆས་གསར་རྙིང་བརྗེ་བར་ཡང་རྒྱབ་སྐྱོར་བྱ་རྒྱུ་སྟེ། གསར་རྙིང་བརྗེ་བའི་གསལ་ཐོའི་ནང་ཚུད་པའི་ཐབ་ཆས་རྙིང་པར(ཐབ་ཚང་གློག་ཆས་ཚུད་པ)རིན་གོང་མཐོ་ཤོས་སྒོར་200ལྟར་བརྩི་རྒྱུ་དང་། གསར་རྙིང་བརྗེ་བའི་ནུས་མང་རིགས་ཀྱི་ས་མཐོའི་ཐབ་ཆས་ཉོས་རིགས་ལས། སྲིད་གཞུང་གིས་སྤྲད་པའི་འཛད་སྤྱོད་སྤ་སེ་ལོངས་སུ་སྤྱོད་ཆོག་པ་མ་ཟད། ཚོང་པས་30%ཡི་ཁེ་ཕན་སྤྲོད་རྒྱུ་རེད་ཅེས་ཁ་གསལ་བཏོན་ཡོད་པ་རེད།
《ལག་བསྟར་ཇུས་གཞིའི》ནང་ད་དུང་། ཁང་པ་མཛེས་བཟོ་དང་ཐབ་ཚང་དང་གསང་སྤྱོད་ཀྱི་འཛད་རྫས(ཁྱིམ་ཆས་དང་། ཐབ་ཚང་དང་གསང་སྤྱོད། འཛུགས་སྐྲུན་རྒྱུ་ཆ་སོགས་ཚུད་པ)གསར་རྙིང་བརྗེ་བར་ཡང་རྒྱབ་སྐྱོར་བྱ་རྒྱུ་སྟེ། འཛད་སྤྱོད་པ་མི་སྒེར་གྱིས་གནོད་མེད་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཉོས་རིགས་ལ་ཁ་གསབ་སྒོར་100ནས་1000བར་སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།
ཚུར་བསྡུའི་ཞབས་ཞུ་ལེགས་སུ་གཏོང་བའི་ཐད། 《ལག་བསྟར་ཇུས་གཞིའི》ནང་། གསར་དུ་བསྐྲུན་པའི་བེད་མེད་དུ་གཏོང་བའི་འཕྲུལ་སྒུལ་འཁོར་རིགས་ཚུར་བསྡུ་བཤིག་ཡུལ་ལ་མ་འཇོག་གི་གཞི་ཁྱོན་ལྟར་མཐོ་ཤོས་སྒོར་ཁྲི་100ཡི་ཁ་གསབ་སྤྲོད་རྒྱུ་དང་། ལོ་རེར་བེད་མེད་དུ་གཏོང་བའི་འཕྲུལ་སྒུལ་འཁོར་རིགས་བཤིག་ཚད་ངེས་ཅན་ཟིན་རིགས་ལ་མང་ཤོས་སྒོར་ཁྲི་30ཡི་བྱ་དགའ་སྤྲད་དེ་བེད་མེད་དུ་གཏོང་བའི་འཕྲུལ་སྒུལ་འཁོར་རིགས་ཚུར་བསྡུ་དང་བཤིག་པར་སྐུལ་འདེད་གཏོང་རྒྱུ། ཁྱིམ་སྤྱོད་གློག་ཆས་ཕྱིར་ཚོང་ཁེ་ལས་ཀྱིས“གསར་སྤྲོད་རྙིང་བསྡུ”བྱས་རིགས་ལ་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཁྱིམ་སྤྱོད་གློག་ཆས་གསར་པའི་རིན་གོང་གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།
《ལག་བསྟར་ཇུས་གཞི》ལག་བསྟར་བྱེད་ཡུན་2024ལོའི་ཟླ་5ཚེས་31ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་པ་དང་། རྒྱལ་ཁབ་ཀྱིས་ཡུན་ཚད་ཁ་གསལ་བཏོན་རིགས་ཕུད།