དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོའི་མཚོ་སྐོར་འགྲན་བསྡུར་གྱི་ལམ་ཐིག་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-06-08

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་འཚོགས་པའི་2024ལོའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ཟླ་7ཚེས་6ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་རྒྱུ་དང་ཟླ་7ཚེས་14ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་མཇུག་འགྲིལ་རྒྱུ་རེད།

    མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཤིང་ཧའེ་ཡིས། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ལ་ཁྱོན་འགྲན་དུམ་8ཡོད་པ་དང་། འགྲན་བསྡུར་དུས་ཚོད་ཟླ་7ཚེས་7ཉིན་ནས་14བར་ཡིན་ཞིང་། ལམ་བར་དུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་བྱང་ཀྲོའུ་བཅས་བརྒྱུད་དགོས་པ་དང་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ་1214ཡོད་པ་ལས་འགྲན་བསྡུར་བར་ཐག་སྤྱི་ལེ་1152དང་། གཟི་བརྗིད་འཁོར་འགྲན་སྤྱི་ལེ་12 གནས་སྒྱུར་བར་ཐག་སྤྱི་ལེ་50བཅས་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་རུ་ཁག་22ཀྱི་ལུས་རྩལ་པ་154ཞུགས་མཁན་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    “སྐབས་འདིའི་འགྲན་བསྡུར་ནང་བདེ་ལམ་དང་། རི་ལམ། རི་མ་ཐང་སོགས་འགྲན་དུམ་རིགས་མི་འདྲ་བ་སྣ་ཚོགས་ཡོད་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཙམ་ཟིན་པས་མཚོ་སྐོར་འགྲན་བསྡུར་གྱི་ཁྱད་ཆོས་མངོན་ཡོད་པ་མ་ཟད། ད་དུང་འགྲམ་དུམ་མི་འདྲ་བ་སྦྲེལ་མཐུད་ཀྱང་བྱེད་བདེ་རུ་བཏང་ཡོད་པས་ཆེད་ལས་རང་བཞིན་སྔར་བས་ཆེན་པོ་ལྡན་ཡོད”ཅེས་བཤད་པ་དང་། ཁོང་གིས་འགྲན་བསྡུར་ལ་མི་སྒེར་གྱི་བསྡོམས་སྐར་གྱི་ཨང་དང་པོ་དང་། རི་འཛེག་བསགས་སྐར་གྱི་ཨང་དང་པོ། མཐའ་མའི་གདོང་མཆོང་གི་བསགས་སྐར་གྱི་ཨང་དང་པོ། ཨེ་ཤེ་ཡའི་འཁོར་ལོ་བ་ཡག་ཤོས། ཚོགས་པའི་སྤྱིའི་བསགས་སྐར། ཨེ་ཤེ་ཡའི་ཚོགས་པའི་བསགས་སྐར་སོགས་བྱ་དགའ་བཀོད་སྒྲིག་བྱས་ཡོད་ཅེས་ལིའུ་ཤིང་ཧའེ་ཡིས་བཤད་པ་རེད།

    མཚོ་སྐོར་འགྲན་བསྡུར་ནི་2002ལོར་གཉེར་འགོ་ཚུགས་པ་ནས་ད་བར་ལོ་20ལྷག་ཙམ་འདས་ཤིང་། མཚོ་སྐོར་འགྲན་བསྡུར་ལ་རྩལ་འགྲན་འགྲན་བསྡུར་དང་། ལས་ཞོར་འགྲན་བསྡུར། མང་ཚོགས་ཀྱིས་རྐང་འཁོར་བཏང་ནས་ལྗོངས་རྒྱུ་བྱེད་པ་སོགས་ཀྱིས་སྒྲོམ་གཞི་བྱས་པའི་སྤུས་རྟགས་འགྲན་བསྡུར་བྱེད་སྒོའི་མ་ལག་ཅིག་ཆགས་ཡོད། སྐབས་འདིའི་འགྲན་བསྡུར་ཐོག་དགོན་ལུང་གི་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། མདོ་ལའི་བཙུན་མོ་དམར་ཡག་མ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་དང་། མཚོ་མོ། ཆུ་བོ། ནགས་ཚལ། གངས་རི། གྲོག་རོང་བཅས་ཀྱི་མཛེས་ལྗོངས་མངོན་པར་བྱས་ནས། ལུས་རྩལ་འགྲན་བསྡུར་དང་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར། ཚོང་དོན་འཁོར་རྒྱུག་སོགས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་ཧུར་ཐག་གཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།