རང་ལྗོངས་ཀྱིས་དཔྱིད་ཆུ་འདྲེན་པའི་འགན་ལེན་ལས་དོན་ཏན་ཏིག་བསྒྲུབས་པ།
ཟླ་བ་ལྔ་པའི་ཟླ་དཀྱིལ་བར་ཆུ་བེད་ལས་གྲྭའི་ཆུ་འདྲེན་རྒྱ་ཁྱོན་རིམ་རྩིས་བརྒྱབ་ན་མུའུ་ཁྲི་263ཟིན་པ།
གསར་འགོད་པར་ཉིན་ཤས་གོང་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་སྔ་ཙམ་འཆར་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་དཔྱིད་ཆུ་འདྲེན་པའི་འགན་ལེན་ལས་དོན་ཏན་ཏིག་བསྒྲུབས་པ་དང་། ཟླ་བ་ལྔ་པའི་ཟླ་དཀྱིལ་བར། ཆུ་བེད་ལས་གྲྭས་རིམ་རྩིས་བརྒྱབ་ན་དཔྱིད་ཆུ་འདྲེན་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4.59མཁོ་འདོན་བྱས་ནས་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་263ཟིན་ཏེ། ཞིང་ལས་སྐྱེ་དངོས་ལ་ལོ་ལེགས་ཡོང་བར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་གསུམ་པའི་ཟླ་འགོར། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས《དཔྱིད་ཆུ་འདྲེན་པའི་འགན་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཆུ་མཛོད་དང་ཆུ་འདྲེན་ཁུལ་དོ་དམ་སྡེ་ཚན་ལ་ཆུ་གསོག་པ་དང་། ཆུ་འདྲེན་པ། ཆུ་འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། གནམ་གཤིས་སོགས་སྡེ་ཚན་ཁག་དང་འབྲེལ་འདྲིས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཆར་ཆུ་འབབ་ཚད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱེད་པ། ཆུ་འགོའི་གནས་ཚུལ་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཆུ་འདྲེན་ཁུལ་ཆེ་འབྲིང་ཁག་གི་ཆུ་སྒྱུར་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད། ཟླ་5ཚེས་10ཉིན་བར། མ་ནག་ཆུ་མཛོད་དང་། ལ་ལྷོ་ཆུ་མཛོད། ཕུ་མདོ་ཆུ་མཛོད་བཅས་ཀྱི་ཆུ་ཁ་ལོ་གོང་མ་ལས་སྨི་3.55དང་། སྨི་3.11 སྨི་0.07བཅས་སོ་སོར་འཕར་ནས། ལོ་འཁོར་གྱི་ཞིང་ཆུ་འདྲེན་པར་ཆུ་མགོ་འགན་ལེན་ཡག་པོ་བྱས་ཡོད་པ་རེད། དེ་དང་ཆབས་ཅིག (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཆུ་འདྲེན་ཁུལ་ཆེ་འབྲིང་ཁག་གི་མ་ཡུར་དང་། ཡན་ལག་ཆུ་ཡུར། ཆུ་སྒོ་སོགས་བཟོ་སྐྲུན་དངོས་རིགས་ལ་སྐོར་ཞིབ་བྱེད་ཐེངས་མང་དུ་དང་ཉམས་བཟོ་བྱེད་ཤུགས་ཆེ་རུ་བཏང་ནས། འདྲེན་འབུད་སྒྲིག་བཀོད་བཤངས་པ་སྟེ། མ་ནག་དང་། ལ་ལྷོ། ཡར་ཀླུང་གཙང་པོ། གཙང་བྱང་སོགས་ཆུ་འདྲེན་ཁུལ་ཆེ་འབྲིང་ཁག་གི་མ་ཡུར་ཚང་མར་སྐོར་ཞིབ་བྱས་ཤིང་ཆུ་ཡུར་སྒྲིག་བཀོད་60ལྷག་ཙམ་ཉམས་བཟོ་བྱས་ཏེ། ཞིང་ཆུ་འདྲེན་པའི“མཐའ་མའི་འགག་གནད”བསལ་ནས་དཔྱིད་ཆུ་རྒྱུན་ལྡན་ལྟར་འདྲེན་ཐུབ་པའི་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་འདྲེན་ཁུལ་ཁག་གི་དཔྱིད་རྨོད་འཕེལ་རིམ་ལྟར། ཆུ་འདྲེན་ཁུལ་ཆེ་གྲས་ཁག་གི་ཆུ་མཛོད་ཀྱིས་ཆུ་སྤྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་མ་ནག་ཆུ་མཛོད་དང་གྲུམ་པ་གཡུ་མཚོ་ཆུ་མཛོད་ཀྱི་དཔྱིད་ཆུ་འདྲེན་་ཚད་ལོ་གོང་མ་ལས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་0.26འཕར་ཏེ། གཞིས་རྩེའི་རྒྱལ་རྩེ་དང་། ཁང་དམར། པ་སྣམ་བཅས་རྫོང་གསུམ་དང་དེ་བཞིན་བསམ་གྲུབ་རྩེ་ཆུས་ཀྱི་ཞིང་ཁ་དང་ནགས་རྩྭ་མུའུ་ཁྲི་65ཡི་ཆུ་འདྲེན་གྱི་དགོས་མཁོ་བསྐངས་ཡོད། ལ་ལྷོ་ཆུ་འདྲེན་ཁུལ་ལ་ཉིན་མཚན་དབྱེར་མེད་དུ་ཆུ་འདྲེན་གྱི་ཡོད་པ་དང་རིམ་རྩིས་བརྒྱབ་ན་དཔྱིད་ཆུ་འདྲེན་དགོས་པའི་རྨོ་ཞིང་མུའུ་ཁྲི་21.09ཡོད་པ་རེད། ཕུ་མདོ་ཆུ་མཛོད་ཀྱི་དཔྱིད་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་0.2ཙམ་ཟིན་ནས། ལྷ་ས་གྲོང་ཁྱེར་གྱི་ལྷུན་གྲུབ་རྫོང་དང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས་བཅས་ཀྱི་རྨོ་ཞིང་མུའུ་ཁྲི་12ཀྱི་ཆུ་སྤྱོད་འགན་ལེན་ཐུབ་ཡོད་པ་རེད།