རང་ཡུལ་ལ་གཞི་ཚུགས་ནས་བྱ་གཞག་གཏོད་པ།
2023ལོའི་ཟླ་བ་7པར། རང་སྐྱོང་ལྗོངས་ཀྱི“བོད་ཀྱི་རྙིང་ཁུངས་མིང་ཅན”ཁག་དང་པོ་12ལ་སྒོ་བྱང་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་དང་བོད་ལྗོངས་དཀར་གཙང་ནས་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་སྤུས་རྟགས“རྒྱལ་རྩེ་དུང་འཁོར”“བོད་ཀྱི་རྙིང་ཁུངས་མིང་ཅན”ཀྱི་སྤུས་རྟགས་གྲས་སུ་ཚུད་པ་རེད།
2014ལོར་བཙུགས་པའི་བོད་ལྗོངས་དཀར་གཙང་ནས་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ཕ་ཡུལ་དུ་ལོག་པའི་ལས་གཏོད་སློབ་ཆེན་སློབ་མས་བཙུགས་པའི་ཀུང་སི་ཐོག་མ་དེ་ཡིན་ཞིང་། དུས་ཐུང་ལོ་ཤས་ནང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་མིག་སྔར་ཉོ་སྒྲུབ་དང་། ཞིབ་སྤེལ། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ལས་རིགས་ཀྱི་རྩེར་སོན་དུ་གྱུར་ཡོད། རྒྱལ་ཡོངས་ཀྱི་བཟའ་བཅའ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས་དང་། ཀྲུང་གོའི་འབྲུ་རིགས་དང་པད་ཁའི་བྱ་སྤྱོད་དཔེ་སྟོན་ཁེ་ལས། དེ་བཞིན་གཞིས་རྩེའི་གྲོང་ཁྱེར་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་བཅས་ཡིན་པའི་ངོས་ནས་ཀུང་སིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་ལ་འགན་ལེན་མཐའ་འཁྱོངས་བྱས་ཏེ་ནས་ཀྱི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཀྱི་ཡོད། དེའི་ནང“རྒྱལ་རྩེ་དུང་འཁོར”སྤུས་རྟགས་ཀྱི་རྩམ་པ་སོགས་ཐོན་རྫས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
རྒྱལ་རྩེ་རྫོང་གི་ཐུན་མོང་མ་ཡིན་པའི་ནས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཀུང་སིས་ལོ་ལྟར་ནས་སྤྱི་རྒྱ་ཁྲི་315ལྷག་ཙམ་ཉོ་སྒྲུབ་བྱེད་ཀྱི་ཡོད་ལ། དེ་རྨང་གཞིར་བྱས་ནས་ལོ་རེར་ནས་ཐོན་རྫས་སྣ་ཚོགས་ཏུན་1500ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་ཕྱིར་ཚོང་བྱེད་ཚད་ལོ་ཤས་བསྟུད་མར་29%ཡི་མྱུར་ཚད་ཐོག་ནས་འཕར་ཞིང་། ལྗོངས་ནང་ཁུལ་གྱི་ཁྲོམ་ར་བཟུང་ཚད་50%ཡན་ཟིན་པས། ཕྱིར་ཚོང་རྣམ་པ་བཟང་ལ་ཁྲོམ་རའི་མདུན་ལམ་ཆེན་པོ་ལྡན་ཡོད།
ཀུང་སིའི་འཕེལ་རྒྱས་ཐད་དཀའ་ངལ་མང་པོ་འཕྲད་མྱོང་ཡོད། ཉེ་བའི་ལོ་ཤས་རིང་། ནས་ལས་སྣོན་ཐོན་ལས་ཆར་རྗེས་ཀྱི་མྱུ་གུ་ལྟར་ཐོན་པ་དང་ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཡིན་ནའང་ནས་ཀྱི་ཐོན་ཚད་མི་འདང་བར་བརྟེན་ཁེ་ལས་མང་པོ་ཞིག་ལ་ནས་ཀྱི་ཐོན་ཁུངས་ཆད་པའི་གནད་དོན་འཕྲད་དེ་ཐོན་སྐྱེད་མ་གནས་ཀྱང་མུ་མཐུད་མཐོ་རུ་ཕྱིན་ཡོད། འགྲན་སློང་དེར་ཁ་གཏད་ཇི་ལྟར་གཅོག་རྒྱུ་དེ་ལས་རིགས་ཀྱི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།
དཀའ་ངལ་དེ་ཐག་གཅོད་བྱ་ཆེད། ཀུང་སིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་རྒྱུན་ཆད་མེད་པར་འཚོལ་ཞིབ་མཐའ་འཁྱོངས་བྱས་པས་མཐར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་རྙེད། “ང་ཚོས་རང་ཉིད་ཀྱི་ནས་ཀྱི་ཐོན་ཁུངས་རྟེན་གཞི་འཛུགས་རྩིས་ཡོད། དེ་ལྟར་བྱས་ན་ནས་ཀྱི་སྤུས་ཚད་དང་ཐོན་འབབ་ལ་འགན་ལེན་ཐུབ་པ་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་ལེགས་སུ་གཏོང་བ་དང་གཡོག་བྱེད་བྱེད་སྟངས་ལེགས་སུ་གཏོང་ཐུབ་ནས་ནས་ཀྱི་ཐོན་ཚད་དང་སྤུས་ཚད་ཀྱང་མཐོ་རུ་གཏོང་ཐུབ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་ལས་སྣོན་ཞིབ་ཚགས་བྱས་ཏེ་ནས་ཀྱི་ཐོན་འབོར་དང་སྤུས་ཀ་ལེགས་སུ་བཏང་སྟེ་ནས་མཁོ་འདོན་བརྟན་པོ་དང་མ་གནས་དམའ་རུ་གཏོང་ཐུབ་པ་བྱས་ཡོད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་བསོད་དོན་ཆུང་བས་གསར་འགོད་པར་བཤད། ཁོང་གིས། དེ་ནི་ལས་སླ་པོ་ཞིག་མིན། ཁེ་ལས་ཀྱིས་རྟེན་གཞི་སྐྲུན་པ་དང་། འདེབས་འཛུགས་ལག་རྩལ། དོ་དམ་བྱ་ཐབས་སོགས་ཀྱི་ཐད་བསམ་གཞིག་དང་ཐབས་ཇུས་རབ་དང་རིམ་པ་བཏོན་ཏེ་ནས་འདེབས་འཛུགས་དང་། ལས་སྣོན། སྐྱེལ་འདྲེན་སོགས་ལྷུ་ཚིགས་ཁག་ཚང་མ་ཚད་གཞི་ནན་པོ་ཞིག་ཏུ་སླེབས་པར་འགན་ལེན་བྱེད་དགོས། ཐག་གཅོད་བྱེད་དགོས་པའི་གནད་དོན་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་ངས་ཁེ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་གདེང་ཚོད་བརྟན་པོ་ཡོད་ཅེས་བཤད།