ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》 ཅེས་བསྡུ་རྒྱུ)སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དང་ཁོངས་གཏོགས་སྡེ་ཁུལ་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་གང་ལེགས་བྱས་ནས་བཀོད་སྒྲིག་ཞིབ་ཚགས་དང་། གཡུལ་ས་ཡག་པོ་སྤྱོད་པ། སྒོ་རྩར་སློབ་ཁྲིད་བྱེད་པ་བཅས་ཀྱི“གོམ་སྟབས་གསུམ་གྱི་བྱེད་ཐབས”སྤྱད་དེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།
ཀརྨ་དགོན་གསར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་བརྟེན་ནས། སྔ་རྗེས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་། ཁྲོམ་གཞུང་དང་སྡེ་ཁུལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཅིག་སྡུག་ཐོག་བཀོད་སྒྲིག་བྱས་ཏེ། 《སྲོལ་ཡིག》སློབ་སྦྱོང་བྱེད་པའི་རྨང་གཞིའི་ཐོག་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་ཚན་ཁག་གི་ཁོངས་མི་དང་། སྡེ་ཁུལ་ཁག་གི་ཧྲུའུ་ཅི་དང་པོ། ཁྲོམ་གཞུང་གི་ཁོའོ་དང་ཁང་གི་འགན་འཁུར་བ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ཏང་ཡོན་དཀྱུས་མ་སོགས་སྒྲིག་འཛུགས་བྱས་ནས། རང་ངོས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ས་ཐོག་ཏུ་སྤེལ་རེས་དང་བགྲོ་གླེང་ཐེངས་གཉིས་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གི་ཉེན་ཟོན་སློབ་གསོའི་གློག་བརྙན《ཐར་པར་གཏན་ནས་མི་གཏོང》ཞེས་པར་བལྟས་ནས་མྱོང་ཚོར་ཡང་བྲིས་ཡོད། ཁྲོམ་གཞུང་ལས་ཁུངས་ཏང་ཀྲི་པུས་ཏང་ཡོན་ཡོངས་སྒྲིག་འཛུགས་ཀྱིས་ལྷ་ས་གྲོང་ཁྱེར་སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་དུ་བསྐྱོད་ནས“ཉེ་འགྲམ་གྱི་བྱ་བས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་ཐུབ་པ”བྱས་ཡོད། སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ཏང་ཡོན་ཡོངས་ཀྱི་ཆབ་སྲིད་ཀྱི་ངེས་གནས་དང་། སྒྲིག་ཁྲིམས་ཀྱི་ངེས་གནས། ཀུན་སྤྱོད་ཀྱི་ངེས་གནས། རུལ་སུངས་འགོག་པའི་ངེས་གནས་བཅས་སྔར་བས་ཆེ་རུ་བཏང་སྟེ་ཏང་ཡོན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཐུབ་པ་བཅས་བྱས་ཡོད།