ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ལ“དཀར་པོ་ཆིག་ཐུབ་རེར་ཨང་རྟགས་རེའི”ཁུངས་འདེད་ལས་སྟེགས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།
ཉེ་ཆར་ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ལ“དཀར་པོ་ཆིག་ཐུབ་རེར་ཨང་རྟགས་རེའི”ཁུངས་འདེད་ལས་སྟེགས་ཀྱི་འགོ་ཚུགས་ཚོགས་འདུ་ཁྲང་ཁྲུན་དུ་འཚོགས་པ་དང་ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ལ“དཀར་པོ་ཆིག་ཐུབ་རེར་ཨང་རྟགས་རེའི”ཁུངས་འདེད་ལས་སྟེགས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཡོད། ལས་སྟེགས་དེ་བརྒྱུད་འཛད་སྤྱོད་པས་དཀར་པོ་ཆིག་ཐུབ་ཀྱི་ཐོན་སྐྱེད་བྱེད་ས་དང་ལོ་ཚད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་པ་མ་ཟད་དཔྱད་གཞིར་འཛིན་རྒྱུའི་གཞི་རྩའི་རིན་གོང་ཡང་ཡོད་པ་རེད། དེ་དང་ཆབས་ཅིག་ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ཐོན་རྫས་ཞིབ་དཔྱད་ཚད་ལེན་མནའ་འབྲེལ་དངོས་སུ་བཙུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཅི་ལིན་ཞིང་ཆེན་གྱི་དཀར་པོ་ཆིག་ཐུབ་ཀྱི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་60%ཙམ་བཟུང་ཡོད། མིག་སྔར་ཅི་ལིན་ཞིང་ཆེན་གྱི་དཀར་པོ་ཆིག་ཐུབ་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་700ཟིན་ནས་བརྒྱུད་རིམ་ཆ་ཚང་བའི་ལས་སྣོན་མ་ལག་དང་བཟའ་བཅའ་དང་། སྨན་རྫས། འཕྲོད་སྦྱོར་ཐོན་རྫས། མཛེས་འདོན་བྱུག་རྫས་སོགས་རིགས་ལྔའི་ཐོན་རྫས་མ་ལག་ཆགས་ཡོད། “དཀར་པོ་ཆིག་ཐུབ་རེར་ཨང་རྟགས་རེ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དེས་ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་རྒྱུ་རེད། “དཀར་པོ་ཆིག་ཐུབ་རེར་ཨང་རྟགས་རེ”གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དཀར་པོ་ཆིག་ཐུབ་ལས་རིགས་མཐུན་ཚོགས་ཀྱིས་དཀར་པོ་ཆིག་ཐུབ་ཀྱི་ཞིབ་དཔྱད་ཚད་ལེན་མནའ་འབྲེལ་གྱི་འཛུགས་སྐྱོང་ལས་དོན་སྤེལ་ཡོད།