གཞུང་ལམ་བྱ་གཞག་དབྱར་མཚོ་རྒྱས། འཕེལ་རྒྱས་དོན་གཉེར་ཚ་རླབས་འཕྱུར།
“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”སྐོར་གླེང་བ།

འདི་ནི་རྒྱལ་ལམ་214ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་གསར་པའི་ཆབ་མདོ་ནས་ལྕགས་ཁ་བར་གྱི་དུམ་བུ་ཡིན་པ།

འདི་ནི་མཚོ་བོད་ལྕགས་ལམ་ཡིན་པ།

འདི་ནི་ཡངས་པ་ཅན་ཁྱད་ལྡན་ཆུ་ཚན་གྲོང་རྡལ་ཆུང་ངུ་ཡིན་པ།

འདི་ནི་སྐྲུན་བཞིན་པའི་གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་གི་ཟུར་ཞིག་ཡིན་པ།
“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”འཕེལ་རྒྱས་ཀྱི་འཐབ་ཇུས་ཞེས་པ་ནི་ལྷ་ས་ལྟེ་བ་དང་། གཞིས་རྩེ་དང་ཆབ་མདོ་གྲོང་ཁྱེར་ལྟེ་བའི་གྲོང་ཁྱེར་ཕལ་པ། རྫོང་གྲོང་དང་མཐའ་མཚམས་གྲོང་རྡལ་གལ་ཆེན་འགྱོགས་སྔས་སུ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཆེ་འབྲིང་ཆུང་གསུམ་འཕེལ་རྒྱས་མཐུན་སྦྱོར་གཏོང་བའི་རྣམ་པ་ཞིག་ལ་ཟེར།
འགྲིམ་འགྲུལ་ནི་རྒྱལ་ཁབ་དར་རྒྱས་གཏོང་བའི་ཐབས་དམ་པ་རེད་ལ། རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་རྨང་གཞིའང་རེད། དེས་ན་རང་སྐྱོང་ལྗོངས་ཀྱིས“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་འབུར་གསལ་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས། ས་གནས་དང་གྲོང་ཁྱེར་བདུན་ལ་ཁྲིད་སྟོན་བྱས་ཏེ་རང་སོ་སོའི་ལེགས་ཆར་བརྟེན་ནས་འཕར་གཞི་གསར་པ་རྒྱ་སྐྱེད་རྒྱུན་ཆད་མེད་པར་བཏང་ཞིང་། དེའང་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་ཀྱིས་མཉམ་འདྲེས་གཏིང་ཟབ་ལ་བརྟེན་ནས་ལྷ་ས་དངུལ་རྩའི་ཚོང་དོན་ཁུལ་དང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་དང་། ནག་ཆུ་དང་མངའ་རིས་སུ་འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེ་གཏོང་བར་རྒྱབ་སྐྱོར། གཞིས་རྩེ་དེ་ཉིད་རྒྱལ་སྤྱིའི་སྐམ་སའི་འགག་སྒོ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་དབྱེ་བའི་ལྟེ་བའི་གྲོང་ཁྱེར་དུ་སྐྲུན་པར་རྒྱབ་སྐྱོར། ཉིང་ཁྲིར་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་དང་ཁྱད་ཆོས་ལྡན་པའི་སྐྱེ་ལྡན་ཞིང་འབྲོག་ལས་མཁོ་སྤྲོད་འགན་ལེན་རྟེན་གཞི་སྐྲུན་པར་རྒྱབ་སྐྱོར། ཆབ་མདོར་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་འགྲིམ་འགྲུལ་གྱི་ལྟེ་བ་དང་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པར་རྒྱབ་སྐྱོར་བཅས་བྱས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཞིང་། དེའང་ལྷ་ས་ལྟེ་བར་བྱས་ནས་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་གྲོང་ཁྱེར་བཞི་ལ་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་ཞིག་རིམ་བཞིན་ཆགས་པ་མ་ཟད། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”ལའང་གསོན་ཤུགས་གསར་པ་ཟམ་མི་ཆད་པར་རྒྱས་ཡོད།
ས་ཁོངས་དབར་གྱི་འབྲེལ་གཏུག་དམ་ཟབ་ལས་འགྲིམ་འགྲུལ་སྟབས་བདེ་ཡོད་པ་ཐད་ཀར་མཚོན་ཐུབ་ཀྱི་ཡོད།
“དུས་ཆེན་དང་གུང་གསེང་སྐབས་སུ་གཞིས་རྩེར་ཕ་མར་ལྟ་བར་ལོག་དུས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་སྐྲུན་ཚར་གྲབས་ཡོད་པ་མཐོང་སྐབས། སེམས་ནང་ཧ་ཅང་དགའ་པོ་འདུག གང་ལགས་ཤེ་ན། ང་དང་ཕ་མའི་དབར་གྱི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་གི་ཡོད་པས་རེད། ད་ལྟ་ལྷ་ས་ནས་གཞིས་རྩེ་བར་ཆུ་ཚོད་5འགོར་གྱི་འདུག འོན་ཀྱང་ལྷ་གཞིས་མྱུར་བགྲོད་གཞུང་ལམ་བསྐྲུན་རྗེས་ཆུ་ཚོད་3ལས་འགོར་གྱི་མེད་པས། རྗེས་མ་ཁྱིམ་དུ་ལོག་དུས་དེ་བས་སྟབས་བདེ་རུ་འགྲོ་ངེས་རེད”ཅེས་ལས་ཀ་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་སྤེན་པ་རྡོ་རྗེས་དགའ་ཚོར་ཆེན་པོས་བཤད།
“‘ལྔ་གཅིག’གུང་གསེང་རིང་། ང་ཚོ་ནང་མི་ཚང་མ་སྒེར་འཁོར་བཏང་ནས་ནག་ཆུའི་ནུབ་རྒྱུད་དུ་ཡུལ་སྐོར་ལ་ཕྱིན་པ་ཡིན། གཡུ་གཞོང་འདྲ་བའི་མཚོ་མོ་དང་། མུ་མཐའ་མི་མངོན་པའི་རྩྭ་ཐང་། མུ་ལ་མུ་འཁྱུད་ཀྱི་གངས་རི། གཟུགས་དབྱིབས་ངོ་མཚར་ཆེ་བའི་འཁྱགས་རོམ་སོགས་ལམ་བར་གྱི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག སྔོན་ཆད་ནག་ཆུར་བསྐྱོད་པར་ལམ་ཐག་རིང་བའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད་པ་མ་ཟད་ས་བབ་ཀྱང་མཐོ་པོ་ཡོད་པས། གུང་གསེང་སྐབས་ནག་ཆུར་ཡུལ་སྐོར་ལ་འགྲོ་འདོད་བྱེད་ཀྱི་མེད། འོན་ཀྱང་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ང་ཚོས་ནག་ཆུ་དེ་ཉིད་ཡུལ་སྐོར་དུ་འགྲོ་སའི་འཆར་གཞིའི་ནང་བཅུག་པ་ཡིན། ད་ལོ་ང་ཚོའི་རེ་འདུན་གཞི་ནས་གྲུབ་སོང་། ནག་ཆུ་ནི་ཡུལ་སྐོར་གྱི་གནས་མཆོག་ཅིག་རེད་འདུག ད་ཐེངས་ནག་ཆུར་ཡུལ་སྐོར་ལ་ཕྱིན་པ་ནོར་མི་འདུག”ཅེས་ལྷ་སའི་གྲོང་མི་གསང་བདག་ལྷ་མོས་བཤད།
ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས། དེ་སྔོན་ལྷ་ས་ནས་ནག་ཆུ་བར་རླངས་འཁོར་ལ་ཆུ་ཚོད་6ལྷག་ཙམ་སྡོད་དགོས་མོད། ད་ཆ་ཆུ་ཚོད་3ནང་སླེབས་ཀྱི་ཡོད་པས། ལྗོངས་ཕྱི་ནང་གི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ་དང་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”སྔར་བས་ཆགས་ཡོད།
དེ་དང་ཆབས་ཅིག “ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”ལས་ནག་ཆུའི“ཐོན་ལས་ས་གྲོལ”གྱི་རྣམ་པ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་རང་བྱུང་ཁོར་ཡུག་དང་ས་ཁོངས་ཀྱི་གནས་སྟངས་ལས་ཐོན་ལས་འཕེལ་རྒྱས་ལ་ཐེབས་པའི་ཚོད་འཛིན་ལ་དམིགས་ཏེ། ཀྲེ་ཅང་བོད་སྐྱོར་རུ་ཁག་གིས་ཐོན་ལས་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་སོགས་གླིང་ཁུལ་དང“ས་གྲོལ”སྐོར་གྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་ཐད་སྔར་བས་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཤིང་། མ་དངུལ་སྒོར་ཁྲི་5000བཏང་བའི་ཀྲེ་ཅང་བོད་སྐྱོར་གྱི“ཐོན་ལས་ས་གྲོལ”ཞེས་པའི་བྱང་ཐང་ཡུན་དར་རིག་སྤེལ་རྣམ་གྲངས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་འཛུགས་པར་སྐུལ་འདེད་བཏང་བ་དང་། རྣམ་གྲངས་དོན་འཁྱོལ་བྱུང་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ཙམ་ཟིན་ནས་ཐོན་ལས་བོད་སྐྱོར་ལ་ཚད་བརྒལ་ཆེ་ཙམ་བྱུང་བ་དང་འབྲེལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད།
གཞན་ཡང་། རྒྱལ་ཁབ་ཀྱི་ས་ཁོངས་རིམ་པའི་འགྲོ་རྒྱུག་སྦྲེལ་ཚིགས་གྲོང་ཁྱེར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་ཕྱེ་བའི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་མཐའ་མཚམས་ཀྱི་གྲོང་ཁྱེར་ཆེན་པོ་གཞིས་རྩེར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཐའ་མཚམས་ས་ཁུལ་གྱི་གསར་སྤེལ་སྒོ་དབྱེའི་རྣམ་པ་གསར་པའི་ཁྲོད། དམིགས་བསལ་གྱི་འཐབ་ཇུས་གནས་བབ་ལྡན་ཡོད་པ་དང“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”ལས་ལྟེ་བའི་གྲོང་ཁྱེར་ནས་མཐའ་མཚམས་འགག་སྒོའི་བར་གྱི་འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དེ་གཞིས་རྩེའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སུ་བརྩིས་ནས་ས་ཁོངས་དང་། ས་ཁུལ། མི་ཆོས་རིག་གནས་བཅས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། སྤྱི་འདོམས་འཆར་འགོད་དང་། འཆར་འགོད་སྣེ་ཁྲིད། ཚད་གཞི་མཐོན་པོས་སྐུལ་འདེད། ཚོང་འགུགས་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱེད་པ། འགག་སྒོའི་བྱེད་ནུས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་ཕྱོཌ་ཚོང་དོན་གྱི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་བར་མཐོངས་དེ་བས་ཆེ་བ་གཏོད་པ། རྒྱལ་སྤྱིའི་སྐམ་སའི་འགག་སྒོ་འཛུཌ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྒོ་མོ་འབྱེད་རྒྱ་དང་མཉམ་ལས་བྱེད་རྒྱ་སྒོ་ཀུན་ནས་ཆེ་རུ་བཏང་བ་རེད།
ལོ་རྒྱུས་ཐོག་གི་ཇ་རྟའི་གནའ་ལམ་ནས་དར་རྒྱས་ཆེ་བའི་དེང་རབས་འགྲིམ་འགྲུལ་དྲ་རྒྱའི་མ་ལག་བར། དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགྲིམ་འགྲུལ་གྱིས་ཐོག་མཐའ་བར་གསུམ་དུ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་དང་འདོན་བཞིན་ཡོད། དེས་ན་འདི་ལོ“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”འཕེལ་རྒྱས་ཀྱི་འཐབ་ཇུས་ལས་བོད་དེ་ཉིད“རྒྱུད་གཅིག་ལམ་གཅིག”ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་སྦྲེལ་མཐུད་ཐུབ་ནས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བར་ནུས་པ་ཐོན་ངེས་རེད། གཞན་ཡང་། བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག ལྷོ་ཁ་གྲོང་ཁྱེར་དུ་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དེང་རབས་ཅན་གྱི་བྱ་གསོ་ར་བ་བསྐྲུན་པ་དང་ཉིང་ཁྲི་མེ་ཏོག་རྫོང་དུ་ཇ་ལོའི་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་བ་སོགས་ཐོན་ལས་ཚང་མ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་པ་དང་། ཧྲང་ཧའེ་དང་གཞིས་རྩེ་ས་གནས་གཉིས་ཀྱིས་ཕན་ཚུན་ཕན་པ་སྐྲུན་རེས་བྱེད་པའི་ཐོན་ལས་བོད་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁྲོམ་རའི་མདུན་ལམ་གསར་པ་སྔར་བས་བཏོད་ཡོད་པ་རེད།