དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་མཐར་ཟད་འགྲན་བསྡུར་གྱི་མ་ལག་རིམ་སྤོར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-06-07

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་མཐར་ཟད་འགྲན་བསྡུར་སྐབས་བཅོ་བརྒྱད་པ་ཟླ་6ཚེས་13ཉིན་འགོ་ཚུགས་རྒྱུ་ཡིན་ཞིང་། རྒྱལ་ཁབ་དང་ས་གནས་9ནས་ཡོང་བའི་ལུས་རྩལ་པ་221འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཤིང་ཧའེ་ཡིས། སྐབས་འདིའི་འགྲན་བསྡུར་ནང་ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། ཆུ་རྒྱུག་ཚད་དྲག་པ། གསོ་རླུང་ཉུང་བ་སོགས་འགྲན་བསྡུར་གྱི་ཁྱད་ཆོས་མཐའ་འཁྱོངས་བྱ་རྒྱུ་དང་། 2024ལོའི་ཟླ་6ཚེས་13ནས་20ཉིན་བར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་དང་། ཁྲི་ཀ་རྫོང་། རྨ་ཆེན་རྫོང་བཅས་སུ་རྨ་ཆུ་མྱུར་བརྒལ་འགྲན་བསྡུར་བྱ་རྒྱུ། ཟླ་8ཚེས་31དང་ཟླ་9ཚེས་1ཉིན་ཚ་རྔ་འགག་ཏུ་ཆུ་ཐོག་ནས་ཚ་རྔ་མཚེའུ་སྐོར་བའི་མར་སུན་འགྲན་རྒྱུག་གི་རྒྱུག་མཐུད་འགྲན་བསྡུར་བྱ་རྒྱུ་བཅས་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    ལིའུ་ཤིང་ཧའེ་ཡིས། སྐབས་འདིའི་འགྲན་བསྡུར་ནི་2022ལོ་དང་2023ལོའི་ཡན་ལག་འགྲན་བསྡུར་གྱི་རྨང་གཞིའི་ཐོག་ཡང་བསྐྱར་རིམ་སྤོར་བྱས་པ་ཞིག་ཡིན་པ་དང་། རྨ་ཆུ་མྱུར་བརྒལ་འགྲན་བསྡུར་དེ་སྔར་བས་ཆ་ཚང་བའི་འགྲན་བསྡུར་མ་ལག་ཅིག་ཆགས་རྒྱུ་ཡིན་པས། འགྲན་བསྡུར་གྱི་རྩལ་འགྲན་རང་བཞིན་དང་། འགྲན་སློང་རང་བཞིན། ལྟད་མོའི་རང་བཞིན། ཉམས་ལེན་རང་བཞིན་བཅས་ཁྱོན་ཡོངས་ནས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།

    ལིའུ་ཤིང་ཧའེ་ཡིས། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་དེ་སྔའི་བླང་དོར་གྱི་འགྲན་བསྡུར་ལམ་ལུགས་ལ་འགྱུར་ལྡོག་བཏང་ནས་ས་ཚིགས་རེར་ཚོད་འཛིན་མི་བྱེད་པའི་མིང་ཐོ་འགོད་པའི་རྣམ་པ་སྤྱོད་རྒྱུ་དང་། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་གི་ལས་དོན་མི་སྣས་འགྲན་བསྡུར་གཉེར་འགན་ཁུར་བའི་ས་གནས་ཁག་ཏུ་ཐེངས་མང་བསྐྱོད་དེ་བརྟག་ཞིབ་བྱས་ནས་ས་གནས་དེ་གའི་ཆུ་དཔྱད་གནམ་གཤིས་སོགས་འགག་རྩའི་གནས་ནས་འགོ་བཙུགས་ཏེ། ཉེན་ཁ་ཐོན་སྲིད་པའི་གནས་ལ་གྲལ་བཤེར་བྱེད་པ་དང་། ས་གནས་དེ་གའི་སྣེ་ལེན་ནུས་པ་དང་སྒྲིག་འཛུགས་ཆུ་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པ། འགྲན་བསྡུར་སྒྲིག་འཛུགས་ཀྱི་འཁོར་སྐྱོད་ཇུས་གཞི་བཟོ་བ་དང་འབྲེལ་འཕྲལ་སྡོམ་སྲེག་གཅོད་ལམ་སྲོལ་འཛུགས་པ། ཆེད་དམིགས་ཀྱི་བདེ་འཇགས་འགན་སྲུང་ཚོགས་ཆུང་དང་སྨན་བཅོས་འགན་སྲུང་ཚོགས་ཆུང་འཛུགས་པ་བཅས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་གཉེར་འགན་འཁུར་བའི་ས་གནས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་ཁྱད་ཆོས་མངོན་གསལ་དོད་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ཏེ་མཚོ་སྔོན་གྱི་ལུས་རྩལ་དང་། ཡུལ་སྐོར། སྐྱེ་ཁམས། རིག་གནས་སོགས་ལས་རྣམ་སྣ་ཚོགས་མཉམ་འདྲེས་ཀྱི་གྲུབ་འབྲས་སྔར་བས་མངོན་པར་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།