ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས།
“618”ཀྱི་དྲ་རྒྱའི་གཅིག་སྡུད་བྲིན་ཐབས་བྱེད་པར་སྒྲིག་སྲོལ་དང་མཐུན་དགོས་པའི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ།
བྲིན་ཚོང་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཉེ་དུས་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཕྱོགས་བསྡུས་དྲ་ཐོག་ཚོང་ཁང་དང་། ཐད་གཏོང་དྲ་ཐོག་ཚོང་ཁང་། རྒྱལ་སྒྲོལ་དྲ་ཐོག་ཚོང་ཁང་སོགས་ལས་སྟེགས་ཁེ་ལས་ལ《“618”ཀྱི་དྲ་རྒྱའི་གཅིག་སྡུད་བྲིན་ཐབས་བྱེད་པར་སྒྲིག་སྲོལ་དང་མཐུན་དགོས་པའི་དྲན་སྐུལ》ཁྱབ་བསྒྲགས་བྱས་པ་རེད།
དེའི་ནང་བླང་བྱ་བཏོན་དོན། ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ལས་སྟེགས་ཞིབ་དཔྱད་ཀྱི་འོས་འགན་དོན་འཁྱོལ་ཏན་ཏིག ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་པས་པར་དང་། ལག་ཁྱེར། ཚོང་རྟགས་བཅས་ཁ་གསལ་བཏོན་ནས་གཉེར་སྐྱོང་བྱེད་དགོས་པའི་ལྟ་སྐུལ་བྱས་ནས། གཉེར་སྐྱོང་མཁན་གྱི་བྱེད་པོའི་ཆ་འཕྲིན་དངོས་ཡོད་དང་ནུས་ལྡན་ཡིན་པའི་འགན་ལེན་བྱེད་དགོས་པ་དང་དྲ་ཐོག་གཉེར་སྐྱོང་བྱ་སྤྱོད་ཀྱི་གསལ་ཚད་ཆེ་རུ་གཏོང་དགོས། བྲིན་ཐབས་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་ནན་པོ་བཏང་སྟེ་བྲིན་ཚོང་ཡོ་བྱད་དང་། གཟིགས་སྐྱོང་སྤྲོད་པ། མཇུག་རྩིས་གཏོང་སྤྲོད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་བྲིན་ཐབས་བྱེད་པའི་སྒྲིག་སྲོལ་ལེགས་སུ་གཏོང་དགོས། བརྡ་ཁྱབ་ཀྱི་ནང་དོན་ལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྡ་ཁྱབ་ལས་སྒོ་ཐོ་འགོད་དང་། ཞིབ་དཔྱད། ཡིག་ཚགས་དོ་དམ་བཅས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་མཛེས་བཟོ་དང་གྲགས་ཅན་མི་སྣས་མགྲིན་ཚབ་བྱེད་པ་སོགས་བརྡ་ཁྱབ་བྱ་སྤྱོད་གཙོ་གནད་ཐོག་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཁྲིམས་འགལ་གྱི་བརྡ་ཁྱབ་རྫུན་མ་བཀག་འགོག་ནུས་ལྡན་བྱེད་དགོས། “གཉིས་ནས་གཅིག་འདེམས”སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཏན་འགོག་ནན་པོ་བྱས་ཏེ་ཚོང་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་དགོས། བྱ་ཐབས་ཧུར་ཐག་སྤེལ་ནས་ལས་སྟེགས་ནང་ཉོ་ཚོང་རྫུན་མ་དང་། བྲིན་རྒྱུགས་རྫུན་སྒྲོག དྲིལ་བསྒྲགས་རྫུན་མ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མི་ཐོན་པ་བྱེད་དགོས།
ཐད་གཏོང་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་ནན་པོ་གཏོང་དགོས། ལས་སྟེགས་ཀྱི་གཙོ་སྐྱོང་བ་དང་དེའི་གཉེར་སྐྱོང་བྱེད་སྒོར་ཞིབ་དཔྱད་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་བོ་ཐད་གཏོང་ཚོང་ཟོག་གི་སྤུས་ཚད་ལ་སྟངས་འཛིན་བྱེད་པ། ཐད་གཏོང་ཐོན་རྫས་འདེམས་པ་དང་དེའི་ཁྱད་ཆོས་སོགས་ཀྱི་ལྷུ་ཚིགས་ལ་ཞིབ་དཔྱད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་འཚོང་བའི་གནས་ཚུལ་ལ་དོགས་ཟོན་ནན་པོ་བྱེད་པ་དང་ཁྲིམས་འགལ་དང་བཀག་སྡོམ་བྱས་པའི་ཚོང་ཟོག་འཚོང་བར་གཏན་འགོག་ནན་པོ་བྱེད་དགོས། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་ཚོང་ཟོག་དང“ཆེད་མངགས་མཁོ་འདོན” “དམིགས་བསལ་མཁོ་འདོན” “ནང་ཁུལ་མཁོ་འདོན”བཅས་ཀྱི་ཚོང་ཟོག་ཁྲིམས་འགལ་ངང་བཙོངས་པ་དང་། ཇ་ལོ་དང་ལོ་སྒྲིལ་འབྲས་མཆན་རྒྱན་སྤྲོས་བྱེད་དྲགས་པ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས།
དེ་དང་དུས་མཚུངས་སུ་འཛད་སྤྱོད་པའི་ཐེར་འདོན་གོང་ཞུའི་ཐབས་ལམ་ཤར་གཏོང་བྱས་ཏེ་ཐེར་འདོན་གོང་ཞུ་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་ནུས་ལྡན་བྱས་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རོགས་ཧུར་ཐག་བྱེད་དགོས། དྲ་ཉོ་བྱས་ནས་ཉིན་བདུན་ནང་ཚུན་དུ་རྒྱུ་མཚན་གང་ཡང་མི་དགོས་པར་ཚོང་ཟོག་ཕྱིར་སློག་དང་དྲ་ཉོའི“འགན་ལེན་གསུམ”སོགས་ཀྱི་གཏན་འབེབས་ལ་ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་མཁན་གྱིས་བརྩི་སྲུང་ཞུ་རྒྱུར་སྐུལ་འདེད་གཏོང་དགོས།
ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་ཞུ་རྒྱུར། འཛད་སྤྱོད་ལུགས་མཐུན་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཁྲིམས་འགལ་གྱི་བྱེད་སྤྱོད་འཕྲད་སྐབས་དུས་ཐོག་ཏུ་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱས་ནས་ཁྲིམས་ལྟར་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།