དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྔོ་ལྗང་གཡུ་ལོས་བརྒྱན་པའི་མཚོ་སྔོན་ཟི་ལིང་གྲོང་ཁྱེར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-06

    འདི་ནི་ཟི་ལིང་གྲོང་ཁྱེར་གྱི་བྱང་རིའི་མཛེས་སྡུག་ལྡན་པའི་སྤྱི་གླིང་ཡིན་པ།

    འདི་ནི་གྲོང་མི་ཚོ་ཟི་ལིང་ཁྲོམ་གཞུང་གི་ལི་ཤིའི་སྡོང་པོའི་བསིལ་གྲིབ་འོག་སོས་དལ་བག་ཕེབས་ངང་འགྲོ་བཞིན་པ།

    ལོ་མང་རིང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་མཐོ་གྲང་སྐམ་ཤས་ཆེ་བ་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ནས་གྲོང་ཁྱེར་སྔོ་འགྱུར་ལས་གྲྭར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། 2022ལོའི་ལོ་མཇུག་བར་ཟི་ལིང་གྲོང་ཁྱེར་གྱི་སྤང་ལྗོངས་ཀྱི་རྒྱ་ཁྱོན་སྤྱི་ཆིང་4349ཟིན་པ་དང་། སྔོ་འགྱུར་ཁྱབ་ཚད་40.39%བར་འཕར་བ། གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤང་ལྗོངས་ཀྱི་བར་མཐོངས་བཀོད་པ་ཉིན་བཞིན་དོ་སྙོམས་བཅས་བྱུང་ནས་ནགས་ཚལ་མེད་པ་དང་ལྗང་མདོག་དཀོན་པ་ནས་སྔོ་ལྗང་གིས་བརྒྱན་པའི་མཛེས་སྡུག་ཡུལ་ལྗོངས་བར་འགྱུར་ལྡོག་བྱུང་ཡོད་པ་རེད།

    ནུབ་བྱང་ས་ཁུལ་གྱི“རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར”དང“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པའི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ཟི་ལིང་གིས་དམངས་ཆེད་སྔོ་འགྱུར་དང་དམངས་ཕན་སྔོ་འགྱུར་དམིགས་ཚད་དུ་བྱས་ཏེ་མཐོ་གྲང་སྐམ་ཤས་ཆེ་བ་སོགས་ཀྱི་དཀའ་གནད་ཁྱད་བསད་བྱས་ནས་གྲོང་ཁྱེར་གྱི་སྔོ་འགྱུར་ལས་གྲྭར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    མི་རབས་མང་པོས་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ལས་ལ་མུ་མཐུད་གཞོལ་བ།

    སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་བ་དང་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་ནི་ས་སེར་མཐོ་སྒང་དང་མཚོ་བོད་ས་མཐོའི་བར་བརྒལ་ཁུལ་དུ་གནས་པའི་ཟི་ལིང་གི་གནམ་གཤིས་ཀྱི་མཚོན་རྟགས་མངོན་གསལ་དོད་ཤོས་ཡིན་པས་ལྗང་མདོག་དེ་སྐབས་ཤིག་རིང་ཟི་ལིང་བའི་མིག་ནང་གི“རྒྱས་སྤྲོས་དངོས་རྫས”ཤིག་ཏུ་གྱུར་ཡོད། “ལྷགས་པ་ཆེ་ཙམ་རྒྱག་དུས་ཐལ་རྡུལ་འཚུབ་ནས་མིག་ཀྱང་གདང་མི་ཐུབ་པ་དང་། ཆར་པ་འབབ་སྐབས་འདམ་རྫབ་ཀྱིས་ཁེངས་ཡོད”ཅེས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་ཟི་ལིང་དབྱང་ཀོའུ་དབན་ཤར་རིའི་སྔོ་ལྗང་ཁུལ་གྱི་ནགས་སྲུང་རུ་ཁག་གི་རུ་དཔོན་ལི་ཡུས་པིན་གྱིས་བཤད།

    ལྷོ་རི་བྱང་རིའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བྱང་གསུམ་འགོག་སྲུང་ཤིང་ནགས་ལས་གྲྭའི་འཛུགས་སྐྲུན་ལ་བརྟེན་ནས་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་འགན་འཁྲི་ཁུལ་དབྱེ་ནས་ཟི་ལིང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཧུར་ཐག་བསྐྲུན་ཡོད།

    ལི་ཡུས་པིན་གྱིས“མུའུ་ཁྲི་བཅུ་ཕྲག་ལྷག་ཡོད་པའི་རི་ཐང་དུ་ཆུ་མིག་གཅིག་ཀྱང་མེད་པས་ཤིང་འཛུགས་རྒྱུ་ནི་ལས་སླ་པོ་ཞིག་མ་རེད། ང་ཚོས་རི་གཤམ་ནས་ཆུ་འཁུར་ཏེ་སྡོང་ཕྲུག་ལ་རྒྱག་པ་དང་། གཉིད་ཉལ་སྐབས་ས་ཆ་དེ་རང་དུ་ས་དོང་དྲུས་ནས་འགྱིག་རས་འདིང་བ་སོགས་བྱེད་ཀྱི་ཡོད། ད་ཆ་ཆུ་སྦུག་རི་རྩེར་ཁྲིད་པས་ཆུ་ཆེན་དྲངས་པ་ནས་འཕྲུལ་འཁོར་གྱིས་ཆུ་རྒྱག་པའི་བར་གྱི་གནད་སྨིན་ཚོད་འཛིན་མངོན་འགྱུར་ཐུབ་པ་མ་ཟད། ཤིང་རིགས་ཀྱང་སྦྱར་པ་དང་། ཡོ་འབོག སྒྲོན་ཤིང་བཅས་ནས་ད་ཆའི་རི་ཁམ་དང་རི་སིལ་ཤུག་པ་སོགས་སྣ་ཁ་བཅུ་གྲངས་བར་མང་དུ་ཕྱིན་ཏེ། ཐར་ཐོར་ནས་དཀྱུས་གཅིག་ཟུང་དུ་འབྲེལ་ཏེ་སྔོ་འགྱུར་མཛེས་ལྗོངས་བཀོད་པས་ལྷོ་རི་བྱང་རིའི་མཛེས་ཉམས་སྔར་བས་དོད་དུ་སོང་ཡོད་པ་རེད།

    ལྷོ་རི་བྱང་རིའི་སྔོ་འགྱུར་དེ་ཁྱོན་དུས་ཐེངས་བཞིའི་ལས་གྲྭ་དང་ལྷོ་རིའི་སྐྱེ་ཁམས་ལྗང་མདོག་སྲུང་བཅད་ལས་གྲྭ་ཆེན་པོ་མུ་མཐུད་ལག་བསྟར་བྱས་པ་དང་མི་རབས་མང་པོས་མུ་མཐུད་འབད་བརྩོན་བྱས་ནས་རི་རྒོད་ལྗང་མདོག་ཏུ་འགྱུར་བར་བྱས་ཡོད། ད་ཆ་ཟི་ལིང་གི་ལྷོ་རི་བྱང་རིའི་ལས་གྲྭའི་སྔོ་འགྱུར་རྒྱ་ཁྱོན་བསྡོམས་མུའུ་ཁྲི་51.6ཟིན་པ་དང་། ནགས་ཚལ་ཁྱབ་ཚད་ལོ་30ལྷག་ཙམ་གོང་གི་7.2%ནས་79%བར་འཕར་བ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1.8ནས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་15.5བར་མངོན་གསལ་དོད་པོས་འཕར་ཡོད་པ་རེད།

    སྐབས་དེ་དུས་ཀྱི་ཕོ་གསར་དེ་ཚོ་ཡང་རྒན་འཁོགས་ཆགས་ཡོད། འོན་ཀྱང་སྡུག་རུས་འཁྱོག་པའི་གཤིས་ཀ་དེར་འགྱུར་ལྡོག་བྱུང་མེད། “མི་ཚོས་རི་བོ་ཆེན་པོར་སྔོ་ལྗང་བརྒྱན་བཞིན་ཡོད་ལ་རི་བོས་ཀྱང་མི་ལ་ལན་སྤྲོད་བཞིན་ཡོད”མཐོ་ས་ཞིག་ཏུ་འཛེགས་སྐབས་འགྱིང་ངེར་གནས་ཤིང་སྔོ་ལྗང་གིས་བཏུམས་པའི་རི་རྩེ་མིག་མདུན་དུ་འཆར་བ་དང་ན་ནིང་བཏབ་པའི་གསོམ་ཤིང་ལ་ལག་པ་འཆང་སྐབས་ལི་ཡུས་པིན་གྱི་ངོ་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་ཡོད། “དེ་ལས་གྲངས་འབོར་མང་དུ་ཕྱིན་པ་ཙམ་མ་ཟད་རྐང་འོག་གི་ས་གཞི་དེའི་ས་རྒྱུ་གཤིན་ཚད་དང་བཞའ་ཚན་སྲུང་སྐྱོང་གི་ནུས་པ་ཇེ་བཟང་དུ་ཕྱིན་ནས་སྐྱེ་ཁམས་རྒྱུན་འཁོར་མ་ལག་བཟང་པོ་ཞིག་ཆགས་བཞིན་ཡོད”

    ལི་ཤིའི་ཞིབ་འཇུག་ཚོགས་པ་ཞིག་གི་འགག་སྒྲོལ།

    རིམ་པ་སྟར་ཆགས་དང་སྟུག་པོར་སྐྱེས་པའི་མེ་ཏོག་གི་དྲི་ཞིམ་ཟི་ལིང་གི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་འཐུལ་ནས་ཟི་ལིང་བས་ལི་ཤིའི་མེ་ཏོག་ལ་དགའ་པོ་བྱེད་པའི་སེམས་ལ་གཡོ་འགུལ་ཐེབས་མི་ཐུབ་ལ། དེ་ཟི་ལིང་གི་གྲོང་ཁྱེར་མེ་ཏོག་ཏུ་གཏན་འཁེལ་བྱས་ཡོད།

    ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཅིན་མེ་དང་ཁོང་གི་ལས་རོགས་ཚོའི་ངོས་ནས་བཤད་ན་ལི་ཤི་དེ་བྱ་གཞག་ཅིག་ཏུ་གྱུར་ཡོད།

    “ས་མཐོའི་གནམ་གཤིས་དབང་གིས་ཟི་ལིང་གྲོང་ཁྱེར་དུ་ཟླ་ལྔ་པ་ཡོལ་རྗེས་བཞད་ཁ་ཕྱེ་བའི་སྡོང་པོ་གང་ཡང་མཐོང་རྒྱུ་མེད། དེ་སྔོན་ལྷོ་ཕྱོགས་སུ་གཞུང་དོན་སྒྲུབ་པར་འགྲོ་ཐེངས་རེར་སྲང་ལམ་གྱི་འགོ་ནས་མཇུག་བར་མེ་ཏོག་གིས་བཏུམས་པ་མཐོང་རྒྱུ་ཡོད་པས་སེམས་སུ་ང་ཚོའི་ཟི་ལིང་གྲོང་ཁྱེར་ཡོངས་སུ་ག་དུས་མེ་ཏོག་གིས་ཁེངས་སྲིད་དམ་སྙམ་གྱི་ཡོད”ཅེས་ནགས་ལས་ལྗང་གསོའི་ལས་ཀ་ལོ་བཅུ་གྲངས་ཙམ་བྱེད་མྱོང་བའི་ཀྲང་ཅིན་མེས་བཤད།

    རྟོག་ཞིབ་དང་ཞིབ་འཇུག་བྱས་ནས་ཀྲང་ཅིན་མེ་དང་ལས་རོགས་ཚོས་ལི་ཤི་འདེབས་རྒྱུར་བསམ་གཞིག་བྱས།

    “ཟི་ལིང་དུ་ལི་ཤི་འདེབས་པའི་ལོ་རྒྱུས་རིང་པོ་ཡོད། འོན་ཀྱང་སྔོན་ཆད་ཟི་ལིང་གི་ཁྲོམ་གཞུང་ཆེ་མོར་བཏབ་པའི་ལི་ཤིའི་སྣ་ཁ་མང་བ་དང་སྐམ་མགྱོགས་པོ་ཡོད་པ་དང་ལྷག་པར་དུ་ཕྱི་ནས་འཁྱེར་ཡོང་བའི་ཤིང་རིགས་ལ་ཞིབ་དཔྱད་མ་བྱས་པར་གང་བྱུང་དུ་ནང་འདྲེན་བྱས་པས་ཕྱིའི་རྣམ་པའི་ཕན་འབྲས་མི་ལེགས་པ་དང་གསོན་ཚད་དམའ་བས་ཐོན་ཁུངས་འཕྲོ་བརླག་ཐེབས་ཡོད” 2013ལོ་ནས་བཟུང་ཀྲང་ཅིན་མེ་དང་ལས་རོགས་ཚོ་མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་རི་མཐོ་གཡང་གཟར་དུ་བསྐྱོད་དེ་སྐྱེ་འཚར་ཁོར་ཡུག་ཧ་ཅང་ཞན་པའི་ལི་ཤི་བཙལ་ནས་གསོ་སྤེལ་ཚོད་ལྟའི་ཞིབ་འཇུག་བྱས་ཏེ་སོན་རྩི་ལུགས་མཐུན་ངང་བེད་སྤྱོད་བྱས་ནས་སྲུང་སྐྱོང་ནུས་ལྡན་ཐུབ་པའི་བརྩོན་ལེན་བྱས་ཡོད།

    “ལི་ཤིའི་མེ་ཏོག་མཛེས་ལ་དྲི་མ་ཞིམ་པ་མ་ཟད། དེ་བས་མི་རྣམས་ལ་གཡོ་འགུལ་ཐེབས་དགོས་པ་ནི་ས་མཐོའི་མི་རྣམས་ཀྱི་གཤིས་ཀ་དང་འདྲ་བའི་ལི་ཤིའི་གྲང་ངར་དང་ཐན་པ་བཟོད་ཐུབ་པའི་ཞུམ་མེད་ཀྱི་སྤོབས་པ་དེ་ཡིན”ཞེས་ཀྲང་ཅིན་མེ་ཡིས་བཤད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད། ཀྲང་ཅིན་མེ་དང་ཚོགས་པའི་འབད་བརྩོན་འོག་སྣ་འདུས་ལི་ཤི་དང་། སི་ཁྲོན་གྱི་ལི་ཤི ལེའོ་ཏུང་གི་ལི་ཤི་སོགས་གཅིག་རྗེས་གཉིས་མཐུད་ངང་ཟི་ལིང་དུ་བཏབ་པ་དང་། ཟི་ལིང་ཡང་རྒྱལ་ཡོངས་ཀྱི་ལི་ཤིའི་རྒྱལ་ཁབ་ནགས་ཤིང་གི་སོན་རྩིའི་ཐོན་ཁུངས་མཛོད་ཐོག་མ་དེར་བསྐྲུན་ནས་ལི་ཤིའི་སྣ་ཁ་དེ་སྔོན་གྱི་18ནས་88བར་མང་དུ་ཕྱིན་པ་དང་། སོན་རྩི་103བར་མང་དུ་ཕྱིན་ནས་རིགས་69གསོ་སྤེལ་ཐུབ་ཀྱི་ཡོད།

    གྲོང་ཁྱེར་གྱི་གང་སར་སྤང་ལྗོངས་ཆེ་ཆུང་མང་པོ་བསྐྲུན་པ།

    ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁུལ་གྱི་སྔོ་ལྗང་དང་མཛེས་ལྗོངས་མང་དུ་བཏང་ནས་གྲོང་ཁྱེར་སྤྱི་གླིང་གི་སྤང་ལྗོངས་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། སྤྱི་གླིང་གི་སྤྲོ་གསེང་གླིང་དང་། ཁྲོམ་གཞུང་ཟུར་གྱི་སྤྱི་གླིང་། མཛེས་ལྗོངས་འགྲོ་ལམ། ཆུ་གསུམ་ལྗང་མདོག་ཆུ་ངོགས་སོགས་སྐྱེ་ཁམས་བར་ཁྱམས་དྲ་རྒྱ་བསྐྲུན་ནས་གྲོང་ཁྱེར་གྱི་སྤང་ལྗོངས་བར་མཐོངས་རྒྱ་སྐྱེད་དང་གྲོང་ཁྱེར་གྱི་སྐྱེ་ཁམས་སྔོ་འགྱུར་གྱི་སྤུས་ཚད་མཐོ་རུ་བཏང་ཡོད། 2022ལོའི་ལོ་མཇུག་བར་ཟི་ལིང་གྲོང་ཁྱེར་གྱི་སྔོ་ལྗང་ཁྱབ་ཚད་40.39%དང་། སྔོ་ལྗང་40.13%ཟིན་ནས་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྤང་ལྗོངས་རྒྱ་ཁྱོན་སྨི་ངོས་གྲུ་13.08ཟིན་ཡོད།

    ཁྲོམ་གཞུང་གི་སྤང་ལྗོངས་ཆུང་ཆུང་ནི་དམངས་འཚོ་ཆེན་པོ་དང་འབྲེལ་ཡོད། ཟི་ལིང་གིས་སྤྱི་གླིང་དུ་སྤྲོ་གསེང་དང་། ཐང་ཆེན་དང་འགྲོ་ལམ་སྔོ་འགྱུར་འཛུགས་སྐྲུན། ཡུལ་ལྗོངས་ལེགས་གཏོང་སྒྱུར་བཀོད་ཤུགས་ཆེན་བྱས་ཏེ་སྤུས་ལེགས་སྤང་ལྗོངས་མཛེས་ལྗོངས་གཏོད་ཤུགས་ཆེ་རུ་བཏང་ཡོད། 2023ལོའི་ལོ་མཇུག་བར་ཟི་ལིང་དུ་སྤྱི་གླིང་40ཡོད་པ་དང་ཁྲོམ་གཞུང་འགྲམ་གྱི་སྤང་ལྗོངས་གྲོང་ཁྱེར་གྱི་གང་སར་ཁྱབ་ཡོད། སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་མཐོང་བ་དང་ཕྱི་རོལ་དུ་བསྐྱོད་ཚེ་སྔོ་ལྗང་མཐོང་བའི་འཚོ་བ་དེ་མི་སེར་གྱི་བདེ་སྐྱིད་དཀྱུས་མ་ཞིག་ཏུ་གྱུར་ཡོད།

    ལྗང་མདོག་མེད་པའམ་དཀོན་པ་ནས་ལྗང་མདོག་འདེབས་འཛུགས་དང་རྒྱ་སྐྱེད་བར་དང་། དེ་ནས་ལྗང་མདོག་ལ་དགའ་ཞིང་ལྗང་མདོག་དར་སྤེལ་གཏོང་བའི་བར། ཟི་ལིང་གི་ལྗང་མདོག་གྲུབ་འབྲས་ཀྱིས་གྲོང་མིའི་ཉེ་འགྲམ་ལ་ཕན་པ་ཐོབ་ཡོད་ལ། ཟི་ལིང་གི་སྔོ་ལྗང་འགྱུར་ལྡོག་དེ་གྲོང་མི་ཚང་མའི་ཧུར་བརྩོན་དང་དེ་བས་ཀྱང་ཁ་འབྲལ་ཐབས་མེད། ཟི་ལིང་གྲོང་ཁྱེར་གྱིས་འོས་འགན་ཤིང་འཛུགས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞོན་ནུ་ལོ་ཆུང་དང་། ཁེ་ལས་ཁག་གི་ལས་བཟོ། ལས་ཁུངས་ཁག་གི་ལས་བྱེད་པ་སོགས་ལ་རྣམ་པ་མི་འདྲ་བ་བརྒྱུད་འོས་འགན་ཤིང་འཛུགས་ཀྱི་འགན་སྒྲུབ་རྣམ་པ་དེ་ནགས་བཟོ་སྔོ་འགྱུར་དང་། གསོ་སྐྱོང་དོ་དམ། རང་བྱུང་སྲུང་སྐྱོང་། འདེབས་སྐྱོང་འགན་ལེན། སྒྲིག་བཀོད་འཛུགས་སྐྲུན། མ་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་སོགས་སུ་རྒྱ་སྐྱེད་གཏོང་རྒྱུའི་ལྕག་སྐུལ་བྱས་པ་དང་། དྲ་ཐོག་ཤིང་འཛུགས་དངོས་གཞི་ཅན་དང་། དངོས་གཞིའི་ཤིང་འཛུགས་རྟེན་གཞི་ཅན། སྤྱི་དམངས་ཀྱིས་འགན་འཁྲི་སྒྲུབ་སྟངས་སྣ་མང་ཅན་བཅས་ཀྱི་དམིགས་ཚད་ཀྱང་ཟི་ལིང་དུ་རིམ་བཞིན་མངོན་འགྱུར་ཡོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།