སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་བཏང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་སྤེལ།
ད་ལོ་ནི་ཀྲུང་གོ་དང་ཐུ་ནི་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བཞིན་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཉེ་བའི་ལོའི་ནང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་དང་སྤེལ་རེས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། 2022ལོའི་ཟླ་བཅུ་གཉིས་པར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་འཚོག་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ་དང་མཇལ་འཕྲད་གནང་སྟེ་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་གལ་ཆེན་གྲོས་མཐུན་བྱུང་ནས་ཀྲུང་གོ་དང་ཐུ་ནི་སིའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
ཀྲུང་གོ་དང་ཐུ་ནི་སིས་མཉམ་དུ་འབད་བརྩོན་དང་། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱས་ཤིང་། ཕྱོགས་གཉིས་པོས་རང་བཙན་རང་བདག་མཐའ་འཁྱོངས་དང་། ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཐོག་ཐའེ་དབན་དང་། ཤིན་ཅང་། ཤང་ཀང་སོགས་དང་འབྲེལ་བའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ལ་འཛིན་པའི་ཀྲུང་གོའི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་ཀྱིས་བདག་དབང་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱས་ནས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་དང་རང་བཙན་རང་བདག་གི་སྒོ་ནས་རྒྱལ་ཁབ་སྒྱུར་བཅོས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད།
ཀྲུང་གོ་དང་ཐུ་ནི་སིའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་གདང་སྦྲེལ་ཏེ་གཉིས་ཁེ་མཉམ་ལས་ཡོང་བར་སྐུལ་འདེད་བཏང་ཞིང་། ཐུ་ནི་སི་ནི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་འདོན་མཁན་ཚོགས་ཆུང”གི་ཁོངས་མི་ཁག་དང་པོ་ཡིན་པ་དང་། 2018ལོར་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོར་ཕན་བཏགས་པའི་རྣམ་གྲངས་སྤུས་དག་ཁག་གཅིག་ལག་ལེན་བསྟར་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ལེགས་ཆའི་ཐོན་ཁུངས་གསབ་རེས་བྱས་ནས་དཔལ་འབྱོར་ཚོང་དོན་འགྲོ་འོང་ཉིན་བཞིན་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་ནི་ཐུ་ནི་སིའི་ཚོང་དོན་རོགས་ཟླ་གཙོ་བོའི་གྲས་སུ་གྱུར་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་བྱས་ནས་འཕེལ་རྒྱས་དེ་བས་མྱུར་ལ་ལེགས་པ་ཡོང་བར་དགའ་བསུ་ཞུ་གི་ཡོད།
ཀྲུང་གོ་དང་ཐུ་ནི་སིའི་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་དམངས་སེམས་གཅིག་མཐུན་ཟབ་མོ་རྒྱུན་ཆད་མེད་པར་ཡོང་བར་བྱས་ཤིང་། རྒྱལ་ཁབ་གཉིས་པོ་ནི་གནའ་བོའི་ཤེས་དཔལ་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པས་གཉིས་ཀར་རིག་གནས་སྣ་ཚོགས་མཉམ་བསྡུས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ལ། ཕྱོགས་གཉིས་པོའི་མི་ཆོས་རིག་གནས་ཡུན་གནས་གསར་གཏོད་ཡོང་བར་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་གྱི་མེ་ཏོག་མཉམ་བཞད་ལྡུམ་རར་བཀྲག་མདངས་གསར་པ་འཚེར་བར་བྱས་ཡོད། ཐུ་ནི་སི་ནི་རྒྱ་ཡིག་རྒྱལ་དམངས་སློབ་གསོའི་མ་ལག་ནང་ཐོག་མར་འཇུག་མཁན་ཨ་རབ་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཐུ་ནི་སིའི་གཞོན་ནུ་ཀྲུང་གོའི་དྲག་རྩལ་སོགས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། ན་ནིང་གི་ཟླ་བཅུ་པར་ཐུ་ནི་སི་སྲིད་གཞུང་གིས་ཀྲུང་གོའི་ཡུལ་སྐོར་བ་རྒྱལ་མཚམས་ནང་འཛུལ་བར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་གཏན་འཁེལ་བྱས་པས་རྒྱལ་ཁབ་གཉིས་དབར་གྱི་དམངས་ཁྲོད་འགྲོ་འོང་སྟབས་ཧ་ཅང་བདེ་རུ་ཕྱིན་ཡོད། དུས་རབས་ཕྱེད་ཀ་ཙམ་རིང་། ཐུ་ནི་སིར་རོགས་སྐྱོར་བྱེད་མཁན་ཁག་28ཀྱི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་མིས་བྱམས་བརྩེ་དང་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ས་གནས་དེའི་ནད་པར་བདེ་བ་བསྐྲུན་པས་ཐུ་ནི་སིའི་དམངས་ཚོགས་ཀྱི་ཡིད་ཆེས་དང་གུས་བཀུར་ཟབ་མོ་ཐོབ་ཡོད།
ད་ལོ་ནི་ཀྲུང་ཨའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པ་ཀྲུང་གོར་འཚོག་ཉེར་ཡོད་པས། ཀྲུང་གོ་དང་ཨ་རབ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བཟུང་ནས་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཛའ་གྲོགས་མཉམ་ལས་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་ལྷག་པ་ཡོང་བར་སྐུལ་འདེད་དང་ཀྲུང་གོ་དང་ཨ་རབ་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། ལོ་རྒྱུས་ཀྱི་གོ་སྐབས་གསར་པའི་འོག ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཚུད་པའི་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་དོན་གཉེར་དང་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་བཏང་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་བཏོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་དྲང་ནུས་སྔར་ལས་མང་བ་སྣོན་འདོད་ཡོད་ལུགས་བསྟན་ཡོད།