མེ་ཏོག་རྫོང་གི་ཇ་ལོ་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་མངོན་པ།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ལ་ནགས་ཚལ་ཁེབས་ཚད་78%ཟིན་མོད། འོན་ཀྱང་རྫོང་དེའི་མི་འབོར་70%ཡན་གྱིས་ཞིང་ལས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། ལོ་20ལྷག་ཙམ་གྱི་གོང་དེ་གའི་མང་ཚོགས་ཀྱིས་གཙོ་བོ་རྔོན་རྒྱག་པ་དང་མ་རྨོས་ལོ་ཏོག་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། དེས་ན་ཇི་ལྟར་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་པའི་གནད་དོན་དེ་ནི་ས་གནས་དེ་གའི་མི་སེར་རྣམས་ལ་དུས་ཡུན་རིང་པོར་འཕྲད་པའི་དཀའ་གནད་ཅིག་རེད། 2013ལོར་སྤོ་བོ་རྫོང་དང་མེ་ཏོག་རྫོང་བར་གྱི་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པས་མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་འཕེལ་རྒྱས་གསར་པ་བྱུང་བ་དང་ཇའི་ཐོན་ལས་དར་རྒྱས་བྱུང་བ་ནི་དེའི་ཁྲོད་ཀྱི་གོ་སྐབས་གལ་ཆེན་ཞིག་རེད།
“2011ལོར་ཀོང་ཏུང་དང་ཧྥུའུ་ཅན་ནས་བོད་སྐྱོར་ལ་ཡོང་བའི་ལས་དོན་རུ་མི་ཚོས་དེ་གར་ཇ་འདེབས་རྒྱུར་འཚམ་པའི་གནམ་གཤིས་ཀྱི་ཆ་རྐྱེན་འཛོམས་པ་ཤེས་རྟོགས་བྱུང་བ་དང་འབྲེལ། ཇ་ཤིང་སྡོང་ཕྲུག་ནང་འདྲེན་བྱས་པ་རེད”ཅེས་མེ་ཏོག་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཅ་ཁྲུན་གྱིས་ངོ་སྤྲོད་བྱས།
མེ་ཏོག་རྫོང་དུ་སླེབས་སྐབས་གཞུང་ལམ་གྱི་གཞོགས་གཉིས་དང་། རི་འདབས། སྤྲིན་སྨུག་བཅས་ཀྱི་གསེབ་ནས་ཆེ་ཆུང་མི་འདྲ་བའི་ཇ་ར་མཐོང་ཐུབ་ཅིང་།
འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་རི་ཚོགས་ཀྱི་ཁྲོད་དུ་ཇ་ར་དུ་མ་ཆགས་པ་དང་སྤྲིན་སྨུག་འཁྲིགས་པའི་དབུས་ནས་ཇ་འཐུ་མཁན་གྲོང་མི་རྣམས་རབ་རིབ་ཏུ་མངོན།
ལོ་རྒྱུས་ཐོག་སི་ཁྲོན་དང་ཡུན་ནན་སོགས་ས་ཁུལ་གྱི་ཇ་ནི་ཇ་རྟའི་ཚོང་ལམ་བརྒྱུད་བོད་དུ་རྒྱུན་ཆད་མེད་པར་དབོར་བ་དང་། བོད་སོགས་ས་ཁུལ་གྱི་མཐའ་མཚམས་སུ་ཇ་བྲིན་ཚོང་བྱེད་པའི་འཛད་སྤྱོད་པ་དར་མར་བརྟག་དཔྱད་བྱས་པའི་གྲངས་གཞིར་གཞིགས་ན། བོད་ཀྱི་གྲོང་མི་དར་མས་ལོ་ལྟར་ཇ་རྒྱ་མ་16.9འཛད་སྤྱོད་བྱེད་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
ད་ཆ་བོད་ཀྱི་མི་དམངས་ཀྱིས་ས་མཐོར་བཏབ་པའི་ཇ་འཐུང་བཞིན་ཡོད་ཅིང་། 2011ལོར་ཇ་ཞིང་ཐེངས་དང་པོ་ཚོད་འདེབས་བྱས་པ་ནས་2013ལོར་ཁྱོན་ཡོངས་ནས་འདེབས་འཛུགས་ཁྱབ་གདལ་གཏོང་བའི་བར་མེ་ཏོག་རྫོང་སྲིད་གཞུང་གིས་འཁོར་འབྲེལ་ཧྲིལ་པོའི་སྒོ་ནས་ཞིང་པ་རྣམས་ལ་ཇ་འདེབས་རྒྱུར་ཁྲིད་སྟོན་དང་རོགས་སྐྱོར་བྱས་པ་རེད།
གསར་འགོད་པ་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་ཇ་ལོ་སྔོན་པོ་ཉོ་སྒྲུབ་བྱེད་སར་སླེབས་སྐབས་ཇ་བཏུས་ནས་ལོག་པའི་ཞིང་པས་ཇ་ལོ་སྔོན་པོ་དབྱེ་བ་ཕྱེ་བཞིན་ཡོད་པ་མཐོང་བྱུང་། “དེ་རིང་ངས་ཇ་ལོ་རྒྱ་མ་23.8བཏུས་པ་ཡིན། རྒྱ་མ་རེར་སྒོར་25རྩིས་ན་ཡོང་འབབ་སྒོར་600ཙམ་ཟིན་འདུག”ཅེས་དགྱེ་གླིང་གྲོང་ཚོའི་གྲོང་མི་ཟླ་བ་ལྷག་སྒྲོན་གྱིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དྭངས་གསལ་དུས་ཚིགས་གོང་གི་ཇ་ལོ་སྔོན་པོ་འཐུ་རིང་ཡོང་འབབ་མཐོ་ཤོས་ཀྱི་གྲོང་མིར་ཉིན་གཅིག་ལ་སྒོར་2000ལྷག་ཙམ་ཟིན་ཡོད་པ་རེད།
སྲིད་གཞུང་གི་རྒྱབ་སྐྱོར་འོག་དགྱེ་གླིང་གྲོང་ཚོར་རང་ཉིད་ཀྱི་སྤུས་རྟགས་ལྡན་པ་མ་ཟད། གྲོང་ཚོར་ད་དུང་ཇ་ལོ་ལས་སྣོན་བཟོ་གྲྭ་བཙུགས་ནས་ཇ་ལོའི་ཐོན་ལས་འཕེལ་རྒྱས་ཀྱི་མགོ་མཇུག་གཙང་སྒྲིལ་གྱི་འབྲེལ་ཐག་ཆགས་ཡོད། “2023ལོར་ཇ་བཟོ་གྲྭ་དངོས་སུ་གཉེར་སྐྱོང་བྱས་པ་ནས་བཟུང་ཕྱིར་ཚོང་དངུལ་འབོར་སྒོར་བྱེ་བ་གཅིག་ལྷག་ཙམ་ཟིན་ཡོད”ཅེས་བོད་ལྗོངས་ཉིང་ཁྲིའི་མེ་ཏོག་རྫོང་གི་ཧྲེ་པའོ་ཇ་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་ཁྲའོ་ཡིས་བཤད།
ཇ་ལོ་མེ་ཏོག་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་སྟོབས་ཤུགས་སུ་གྱུར་ཡོད།
ད་ཆ་མེ་ཏོག་རྫོང་དུ་ཡོང་མཁན་དེ་བས་མང་བ་ཞིག་གིས་ཇ་ནི་ཡུལ་སྐོར་ཉམས་ལེན་བྱེད་པའི་གྲས་ཤིག་ཏུ་བརྩི་གི་ཡོད་ལ་ཡུལ་སྐོར་བ་ཚོས་འགྲོ་ཞོར་པར་ལེན་བཞིན་ལྟ་བས་མི་ངོམ་པའི་ཡུལ་ལྗོངས་དེར་ཧང་སངས་བཞིན་མཆིས།
“ང་འདི་གར་ཉིན་གཉིས་བསྡད་པ་ཡིན། འདི་གར་ཧ་ཅང་མཛེས་པོ་འདུག”ཅེས་ཅང་སུའུ་ཁུན་ཧྲན་ནས་སྒེར་འཁོར་བཏང་ནས་ཡོང་བའི་ཀྲོའུ་ཤིན་ཡུས་ཀྱིས་བཤད། “ཇ་དང་ཡུལ་སྐོར་མཉམ་འདྲེས”བྱེད་པ་ནི་དགྱེ་གླིང་གྲོང་ཚོས་ཇ་རའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན་པ་དང་། མིག་སྔར་གྲོང་ཚོ་ཡོངས་ལ་ཁྱོན་ཁྱིམ་ཚང་མགྲོན་ཁང་6དང་ཟ་ཁང་དང་ཇ་ཁང་2ཡོད་པར་2023ལོར་གྲོང་ཚོའི་བཟའ་བཏུང་དང་ཞག་སྡོད་ཀྱི་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད་པ་རེད།
ཇ་བཏབ་ནས་ཞིང་པ་ཕྱུག་པོ་ཆགས་པ་དང་དེ་བས་གལ་ཆེ་བ་ཞིག་ནི་མེ་ཏོག་རྫོང་གིས་སྐྱེ་ཁམས་དམངས་ཕྱུག་ཁྲོད་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་ཐུབ་ཡོད།
2023ལོར་མེ་ཏོག་རྫོང་གིས་ཇ་ལོའི་ཁེ་ལས་5གསར་དུ་གདན་དྲངས་ནས་འདེབས་ཁྱོན་དང་འཐུ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་དགོས་མཁོ་བསྐངས་ཡོད།
“མིག་སྔར་རྫོང་ཡོངས་སུ་རི་མཐོའི་སྐྱེ་ལྡན་ཇ་ར་103བསྐྲུན་ཡོད་པར་རྒྱ་ཁྱོན་བསྡོམས་མུའུ་ཁྲི་1.9ཟིན་ནས། འདི་ལོ་འཐུ་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་1.6ཟིན་ཡོད། མིག་སྔའི་བར་མེ་ཏོག་རྫོང་གི་འདི་ལོའི་ཇ་ལོ་སྔོན་པོ་ཉོ་སྒྲུབ་བྱེད་ཚད་རྒྱ་མ་ཁྲི་23.35ལྷག་ཙམ་ཟིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་837.3ལྷག་ཙམ་ཟིན་པ། ཇའི་ཐོན་ལས་ཀྱི་ཟུར་བསྣན་རིན་ཐང་སྒོར་ཁྲི་4000ལྷག་ཙམ་ཟིན་ཡོད”ཅེས་མེ་ཏོག་རྫོང་གི་རྫོང་དཔོན་གཞོན་པ་ལི་ཝུའེ་ཡིས་ངོ་སྤྲོད་བྱས།
“ལྗང་མདོག་ནི་མེ་ཏོག་རྫོང་གི་གདིང་གཞི་དང་། རང་བྱུང་ཁོར་ཡུག་བཟང་པོ་ནི་མེ་ཏོག་རྫོང་གི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་ཆེ་ཤོས། ལྗང་མདོག་དང་སྐྱེ་ལྡན་ནི་ཐོན་ལས་གཏོད་པའི་གཞི་རྩའི་ཚད་གཞི་བཅས་ཡིན་པས། ང་ཚོས་མུ་མཐུད་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་མེ་ཏོག་རྫོང་གི་ཇ་ལོའི་དྲི་ཞིམ་ཕྱོགས་བཞི་མཚམས་བརྒྱད་དུ་འཐུལ་བར་བྱ་རྒྱུ་ཡིན”ཞེས་ལི་ཝུའེ་ཡིས་བཤད།