དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚན་རྩལ་དཔྱིད་ཀྱི་སྦྲང་ཆར་བབས། སྔོ་ལྗང་གཟན་རྩྭ་སྐྱེ་འཚར་བཟང་།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2024-06-02

    ཚན་རྩལ་ཞབས་འདེགས་ལས་སྟེགས་ཀྱི་རྒྱབ་སྐྱོར་འོག་འབྲོག་པས་ལོ་མང་སྐྱེ་བའི་གཟན་རྩྭ་བཏབ་པར་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད། ཞིང་ལས་ལག་རྩལ་པས་ལག་རྩལ་གྱི་འགག་སྒོ་མུ་མཐུད་བསྒྲལ་ནས་ས་བབ་མཐོ་བའི་ཁུལ་དུ་ལོ་མང་སྐྱེ་བའི་འབུ་སུ་ཧང་སྨུག་པོ་འདེབས་འཛུགས་ཀྱི་དཀའ་གནད་བསལ་བ་རེད། མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་ཆེན་རིམ་པའི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཚན་རྩལ་ལས་དོན་ས་ཚིགས་མ་ལག་འཐུས་སྒོ་ཚང་དུ་དང་རིམ་སྤོར་བྱས་པ། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་བཅས་བྱས་ནས་ས་མཐོའི་འདེབས་འཛུགས་དང་གསོ་ཚགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཀྱིས་ས་གནས་དེ་གའི་ཞིང་འབྲོག་པར་ཕན་འབྲས་དངོས་ཐོབ་པར་བྱས་ཡོད།

    མིག་སྔར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབལ་རྫོང་གི་ས་གཞི་ཆེ་མོར་དྲོད་རླུང་ལྡང་ཞིང་། མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་བཅོས་ཚན་རིག་ཁང་གི་འབུམ་རམས་པ་མཱ་ཡཱ་ཅུན་གྱིས་ཁྱེམ་ཆུང་ཞིག་འཁྱེར་ནས་ཞིང་ནང་གོམ་པ་ཁ་ཤས་སྤོས་རྗེས་ཙོག་པུར་བསྡད་དེ་གཟབ་ནན་ངང་ས་སོབ་སོབ་བཟོ་བཞིན་ཡོད་ལ། གཟན་རྩྭ་སྔོན་པོ་སྟར་པ་མང་པོ་སྐྱེས་ཡོད། མཱ་ཡཱ་ཅུན་གྱིས་ཙོག་པུར་བསྡད་དེ་གཟན་རྩྭ་རྐང་གཅིག་ལག་ཏུ་བླངས་ནས་ལྟ་ཞིབ་ཞིབ་ཕྲ་བྱས།

    ལོ་མང་རིང་། ས་བབ་མཐོ་ཚད་སྨི་3000ཡན་དུ་ལོ་མང་སྐྱེ་བའི་འབུ་སུ་ཧང་སྨུག་པོ་འདེབས་རྒྱུ་ནི་དཀའ་གནད་ཅིག་རེད། དབྱང་གོ་ཀྲུའུ་ཚུད་པའི་ཚན་རྩལ་ཆེད་མངགས་པ་ཚོས་ས་མཐོའི་འཐབ་ས་དང་པོ་བརྟན་སྲུང་གིས་ས་གནས་དེ་གའི་འདེབས་འཛུགས་དང་གསོ་ཚགས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ལག་རྩལ་གྱི་དཀའ་གནད་ཧུར་ཐག་བསལ་ཏེ་ཞིང་འབྲོག་པར་ཕན་འབྲས་དངོས་ཐོབ་པར་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་སྐྱེ་བའི་གཟན་རྩྭ་ཐེངས་གཅིག་བཏབ་ཚེ་ལོ་5ཡི་ནང་ཡང་བསྐྱར་འདེབས་མི་དགོས་པས་འབྲོག་པའི་འདེབས་འཛུགས་དང་གཡོག་བྱེད་ཀྱི་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད། ད་དུང་ས་མཁྲེགས་སུ་དང་ཆུ་གསོག་པའི་སྐྱེ་ཁམས་ནུས་པ་དང་ལུད་སྲུང་བྱེད་ནུས་ཀྱང་དེ་བས་ཆེ་བ་ཡོད།

    ཁྲི་ཀ་རྫོང་གི་གནམ་གཤིས་འབུ་སུ་ཧང་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད་པ་དང་དེ་གའི་འབུ་སུ་ཧང་སྐྱེ་ཚད་མིའི་སྐེད་པ་བར་སླེབས་ཀྱི་ཡོད། ཁྲི་ཀ་རྫོང་ཝང་ཐུང་གྲོང་ཚོའི་ཀྲུང་ཅི་གསར་དར་ལས་རིགས་འདེབས་འཛུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་མཱ་ཝུའེ་གོ་ཡིས་གསར་འགོད་པར“ང་ཚོའི་འདི་གར་འབུ་སུ་ཧང་དགུན་ཁ་གསོན་ཐུབ་ཀྱི་ཡོད། དེར་བརྟེན་ཚན་རྩལ་ཞབས་འདེགས་ལས་སྟེགས་ཀྱིས་ང་ཚོའི་འདི་གར་ཚོད་ལྟ་བྱ་གཞི་ནི‘འབུ་སུ་ཧང་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་ཞིང་ནང་གཡོག་བྱེད’དང‘འབུ་སུ་ཧང་འདེབས་འཛུགས་དང་ནགས་གསེབ་དཔལ་འབྱོར’སོགས་རེད། ན་ནིང་ང་ཚོས་མུའུ་100ཚོད་འདེབས་བྱས་པར་མུའུ་རེ་ནས་འབུ་སུ་ཧང་སྐམ་པོ་སྤྱི་རྒྱ་800ལྷག་ཙམ་ཐོན་ཏེ་ཡོང་འབབ་སྒོར་ཁྲི་40ཙམ་ཟིན་ཡོད”ཅེས་བཤད།

    གྲོང་ཚོ་གཅིག་ནས་ས་ཁུལ་མང་པོའི་བར་ན་ནིང་སྒོ་བྱང་བཀལ་བའི་འབལ་རྫོང་གི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཨང་001པས་ཚན་རྩལ་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཞིང་འབྲོག་པ་དེ་བས་མང་བ་ཞིག་ལོ་མང་སྐྱེ་བའི་གཟན་རྩྭ་འདེབས་སུ་བཅུག་པ་རེད། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་སུ་ལོ་མང་སྐྱེ་བའི་གཟན་རྩྭ་སྣ་ཁ་4ཁྱབ་གདལ་བཏང་ནས་ཟི་ལིང་དང་། མཚོ་ལྷོ། མགོ་ལོག་བཅས་གྲོང་ཁྱེར་དང་ཀྲོའུ་3དང་མཉམ་ལས་ཁང་23ལ་སྐུལ་ཁྲིད་བྱས་པར་འབུ་སུ་ཧང་འདེབས་ཁྱོན་མུའུ་3000ལྷག་ཙམ་དང་ཐོན་ཚད་ཏུན་1500ཟིན་ཡོད།

    སྨི་3000ནས་སྨི་4000བར་གྱི་ས་བབ་མཐོ་ཁུལ་དུ་ལོ་མང་སྐྱེ་བའི་འབུ་སུ་ཧང་སྨུག་པོ་འདེབས་འཛུགས་ཀྱི་དཀའ་གནད་བསལ་ཡོད།

    འབལ་རྫོང་ནས་ཐོན་ཏེ་འབབ་ལུང་རོང་ས་བརྒྱུད་ནུབ་ཕྱོགས་ཀྱི་རི་ཀླུང་བརྒལ་རྗེས་པེ་ཀྲ་གྲོང་ཚོར་འབྱོར་གྱི་ཡོད། འབལ་རྫོང་གི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཨང་001པ་དེ་གར་གནས་ཡོད། “འབལ་རྫོང་གི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཨང་001པ་ནི‘ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས’རིམ་སྤོར་བྱས་པ་ཞིག་རེད” མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གྲོང་གསེབ་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་མེའོ་ཤིས་ཁྲུན་གྱིས“ང་ཚོའི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཚང་མར‘བརྗོད་དོན་གཙོ་བོ’ཡོད་པ་དང་འབྲེལ་ཡོད་ཚན་ཞིབ་མི་སྣའི་ཆེད་ལས་ཆུ་ཚད་མཐོ་བས་གྲུབ་འབྲས་དེ་བས་ཐོབ་སླ་བ་ཡོད། གཟན་རྩྭའི་སྣ་ཁ་འདེབས་གསོ་དང་འབྲོག་ལས་ནུས་ཆེའི་ངང་གསོ་ཚགས་བྱ་རྒྱུ་ནི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཨང་001པའི‘བརྗོད་དོན་གཙོ་བོ’དེ་རེད”ཅེས་ངོ་སྤྲོད་བྱས།

    ཚན་རྩལ་ཞབས་འདེགས་ལས་སྟེགས་ཨང་001པ་ནི་འབལ་རྫོང་གི་དེ་སྔའི་ཚན་རྩལ་ཆེད་མངགས་པའི་ལས་ཀའི་ས་ཚིགས་ཨང་001པ་དེ་རེད། ཆེད་མངགས་པའི་ལས་དོན་ས་ཚིགས་ཀྱི་ཚན་རྩལ་ཆེད་མངགས་པ་ནས་ཚན་རྩལ་ཞབས་འདེགས་ལས་སྟེགས་ཀྱི་འགན་འཁུར་བའི་བར་འདི་ལོ་ལོ་64ལ་སླེབས་པའི་དབྱང་གོ་ཀྲུའུ་ཡིས་སྔ་ཕྱི་བར་གསུམ་དུ་གཟན་རྩྭ་སྨུག་པོ་འདེབས་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    དེའི་རྗེས་ཀྱི་ལོ་འགའི་ནང་དབྱང་གོ་ཀྲུའུ་ཡི་ཚོགས་པས་ཀན་སུའུ་དང་། ཉིང་ཞ། ཤིན་ཅང་སོགས་སུ་ཚོང་ལས་སོན་འདེབས་འཛུགས་བྱས་པ་ལས་འབུ་སུ་ཧང་སྨུག་པོའི་སྣ་ཁ་ཁག་གཅིག་སྐྱེ་འཕེལ་མང་གཏོང་གི་ལག་རྩལ་བལྟོས་བཅས་ཀྱིས་ཁོང་དུ་ཡག་པོ་ཆུད་ནས་གཞི་ཁྱོན་ཆེ་བའི་ཚོད་འདེབས་བྱེད་ཆོག་པ་མཚོན་གྱི་ཡོད།

    མིག་སྔར་ཚན་རྩལ་ཞབས་འདེགས་ལས་སྟེགས་ཀྱིས་འདེབས་གསོ་བྱས་པའི་འབུ་སུ་ཧང་སྨུག་པོའི་སྣ་ཁ་ས་བབ་སྨི་3000ཡན་དུ་གཞི་རྩའི་ཆ་ནས་དགུན་ཁ་གསོན་ཐུབ་ཀྱི་ཡོད་མོད། འོན་ཀྱང་མཚོ་སྔོན་མགོ་ལོག་དང་ཡུལ་ཤུལ་སོགས་ས་བབ་སྨི་3800ཡན་དང་ཐ་ན་སྨི་4200ཟིན་པའི་ས་ཁུལ་དེ་རིགས་ལ་འབུ་སུ་ཧང་སྨུག་པོ་སྐྱེ་ཐུབ་བམ།

    དེའི་ཐད་ད་དུང་མུ་མཐུད་འབད་བརྩོན་བྱེད་དགོས་ཤིང་། དང་ཐོག་འདེབས་འཛུགས་མཉམ་ལས་ཁང་ཁག་གཅིག་གིས་དེ་ཉེན་ཁ་ཆེན་པོ་འདུག་སྙམ་ནས་ཡུན་རིང་མཉམ་ལས་བྱེད་འདོད་བྱེད་ཀྱི་མེད། “གཞི་ཁྱོན་ཆུང་བས་ལེགས་ཆ་མཐོང་དཀའ་བར”བརྟེན་དབྱང་གོ་ཀྲུའུ་ཡིས་མུ་མཐུད་ས་བབ་སྨི་4000ཡན་གྱི་ཚོད་ལྟ་བྱ་ཡུལ་འཚོལ་འགོ་བརྩམས།

    ཚོགས་པས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་མཐར་མཚོ་ལྷོ་ཀྲོའུ་བྲག་དཀར་རྫོང་ནས་མཉམ་ལས་ཁང་ཞིག་རྙེད་དེ་མུའུ་སྟོང་ཡན་གྱི་འདེབས་འཛུགས་མཉམ་ལས་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཤིང་། ད་ཆ་དེ་གར་འབུ་སུ་ཧང་སྨུག་པོའི་སྐྱེ་ཚུལ་ཧ་ཅང་བཟང་པོ་ཡོད།

    འབལ་རྫོང་གི་ཚན་རྩལ་ཞབས་འདེགས་ལས་སྟེགས་ཨང་001པར་དཔེ་བཞག་ན། གཟན་རྩྭའི་ཐད་ཞིབ་འཇུག་བྱེད་མཁན་དབྱང་གོ་ཀྲུའུ་ཕུད། ད་དུང་ཞིང་ལས་འཕྲུལ་ཆས་དང་ཕྱུགས་རིགས་གསོ་ཚགས་སོགས་ཁྱབ་ཁོངས་སུ་ཞིང་ཆེན་ཕྱི་ནང་གི་རིགས་གཅིག་མཁས་ཅན་10ལྷག་ཙམ་ཡོད་པ་དེ་དག་གིས་མཐའ་འཁོར་གྱི་ཁེ་ལས་དང་མཉམ་ལས་ཁང་ལ་གཟན་རྩྭ་འདེབས་འཛུགས་ནས་གཟན་ཆག་ལས་སྣོན་ཞིབ་ཚགས་དང་གསོ་སྤེལ་ནུས་ཆེའི་ཕྱོགས་སུ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་ལས་འཁོར་འབྲེལ་གྲུབ་ཡོད།

    “མཚོ་སྔོན་གྱིས་ཚན་རྩལ་ཞབས་འདེགས་ལས་སྟེགས་དཔེ་མཚོན་དུ་བྱེད་པའི་ཚན་རྩལ་ལས་དོན་ས་ཚིགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་རིམ་སྤོར་བྱས་ནས། ཚན་རྩལ་ཆེད་མངགས་པ་དང་ཁེ་ལས་སམ་མཉམ་ལས་ཁང་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་དེ་བས་ལེགས་པ་བཏང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་ཁྲེན་ཡུང་ཞང་གིས་བཤད།

    ལོ་གཉིས་རིང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཞབས་འདེགས་ལས་སྟེགས་དཔེ་མཚོན་དུ་བྱེད་པའི་ཚན་རྩལ་ལས་དོན་ས་ཚིགས་ཀྱིས་ཆེད་ལས་ལག་རྩལ་པ་དང་ཞིང་འབྲོག་པ་མི་ཐེངས་34617གསོ་སྦྱོང་བྱས་པ་དང་། དཔེ་སྟོན་རྟེན་གཞི་234བཙུགས་པ་དང་ཁྱབ་གདལ་བཏང་བ། སྣ་ཁ་གསར་པ་364ཁྱབ་གདལ་བཏང་བ། འདེབས་འཛུགས་བྱེད་ཁྱོན་མུའུ་ཁྲི་8.41ཟིན་པ། ལག་རྩལ་གསར་པ་242བེད་སྤྱོད་བཏང་བ། ལག་རྩལ་གསར་པ་གཅིག་སྡུད་ཀྱི་དཔེ་སྟོན་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་8.59ཟིན་པ། ཕྱུགས་རིགས་མགོ་གྲངས་ཁྲི་11.29གསོ་ཚགས་ནུས་ཆེ་བྱས་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.89ཟིན་པ་བཅས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།