ཕྱི་འབྲེལ་པུས་བསྟན་དོན།
ཀྲུང་ཡོའི་དུས་གཏན་མེ་འཁོར་ཨེ་ཤེ་ཡ་དང་ཡོ་རོབ་ཚོང་དོན་གྱི་མིང་དོན་མཚུངས་པའི“གསེར་གྱི་བགྲོད་ལམ”ཞིག་ཏུ་གྱུར་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཟིན་ཐོ་གསར་པ་བཏོད་པའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་ཤིག་ཡིན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཨེ་ཤེ་ཡ་དང་ཡོ་རོབ་ཚོང་དོན་གྱི་མིང་དོན་མཚུངས་པའི“གསེར་གྱི་བགྲོད་ལམ”ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
དེ་ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་རིམ་རྩིས་བྱས་ན་ཁྲི་9ལས་བརྒལ་བ་དང་དངོས་ཟོག་རིན་ཐང་ཨ་སྒོར་དུང་ཕྱུར་3800ལས་བརྒལ་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་མེད་པ་ནས་ཡོད་པའི་བར་ལོ་བཅུ་ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ། མགྲིན་ཚབ་པས་དུས་གཏན་མེ་འཁོར་གྱིས་ཀྲུང་ཡོ་དང་དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་དམིགས་བསལ་གྱི་ནུས་པ་ཐོན་པར་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་དམ་ཞེས་དྲིས།
“ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཟིན་ཐོ་གསར་པ་བཏོད་པར་རྟེན་འབྲེལ་ཞུ་གི་ཡིན” མའོ་ཉིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་སྤུས་རྟགས་ཡིན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡོ་རོབ་ཀྱི་རྒྱལ་ཁབ་25ཡི་གྲོང་ཁྱེར་223ལ་ཤར་གཏོང་ཐུབ་ཡོད་ལ། ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་དང་འབྲེལ་མཐུད་བྱས་ཡོད། འདས་ཟིན་པའི་ལོ་8ཙམ་རིང་ཀྲུང་ཡོའི་དུས་གཏན་མེ་འཁོར་ལོ་རེར་གཏོང་ཐེངས་1702ཟིན་པ་ནས་ཁྲི་1.7བར་མང་དུ་བཏང་ཡོད། ལོ་རེའི་དངོས་ཟོག་སྐྱེལ་འདྲེན་གྱི་རིན་ཐང་ཨ་སྒོར་དུང་ཕྱུར་80ནས་ཨ་སྒོར་དུང་ཕྱུར་567བར་འཕར་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཚོང་དོན་གྱི་མིང་དོན་མཚུངས་པའི“གསེར་གྱི་བགྲོད་ལམ”ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
མའོ་ཉིང་གིས། གཞུང་ལམ་ཤར་གཏོང་ཐུབ་ན་ལས་རིགས་དར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་པ་ནི་ཚོང་ཟོག་དང་། བརྒྱུད་སྤྲོད་བྱེད་པ་ནི་གོ་སྐབས། འཁྱེར་ཡོང་བ་ནི་རེ་བ་བཅས་ཡིན། དུས་གཏན་མེ་འཁོར་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་ཟོག་ཕ་རོལ་པོའི་ཁྲོམ་རར་མགྱོགས་མྱུར་འབྱོར་བར་སྟབས་བདེ་བསྐྲུན་པ་མ་ཟད། ཟོག་འགྲེམས་དང་། བཟོ་ལས། ཚོང་དོན་ལྟེ་གནས། ཐོན་ལས་གླིང་ཁུལ་བཅས་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་ཁྲིད་བྱས་ནས་ཀྲུང་ཡོའི་དབར་གཉིས་ཁེ་གཉིས་ཕན་གྱི་འབྲེལ་ཟམ་བསྐྲུན་ཡོད་ཅེས་བརྗོད།