དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལག་གདང་སྦྲེལ་ནས་བདེ་སྐྱིད་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-31

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་སེར་མ་སྡེ་ཁུལ་དུ་མིག་དཔེའི་བཟའ་ཚོའི་སྐོར་གླེང་ཚེ། ཚང་མས་ཀན་ཞའོ་ཕིང་དང་ཕུར་བུ་སྒྲོལ་མ་སེམས་ལ་འཁོར་ངེས་རེད།

    ཀན་ཞའོ་ཕིང་ནི་སི་ཁྲོན་ཀོང་ཨན་ནས་ཡིན་པ་དང་ལོ་མང་བོད་དུ་ལས་ཀ་བྱས་ནས་བསྡད་པ་དང་། རྗེས་སུ་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད། ལྷ་ས་ནས་ཡིན་པའི་ད་ལྟའི་བཟའ་ཟླ་ཕུར་བུ་སྒྲོལ་མ་ངོ་ཤེས། 2002ལོར་འཇིག་རྟེན་གྱི་མཐུན་འཇུག་ལས་ལ་ཞུགས་རྗེས། བཟའ་ཚོ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་བརྩི་བཀུར་གྱི་འཚོ་བའི་གོམས་གཤིས་བཟང་པོར་བརྟེན་ནས་ཁ་རྩོད་གཏན་ནས་ཤོར་མྱོང་མེད་ལ། དོན་དག་ཡོད་ཚེ་མཉམ་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད་པས་འཚོ་བ་བདེ་ཞིང་སྐྱིད།

    གཉེན་སྒྲིག་བྱས་མ་ཐག་པའི་སྐབས་ཁོང་གཉིས་ཀྱི་འཚོ་བ་དེ་ཙམ་ཡག་པོ་མེད། “ང་ལྷ་སར་ཐོག་མར་ཡོང་སྐབས། བཟོ་པ་དང་། ཞིང་པ། མ་བྱན་སོགས་ཀྱི་ལས་ཀ་འདྲ་མིན་སྣ་ཚོགས་བྱེད་མྱོང་ཡོད་ལ། ངའི་བཟའ་ཟླས་ཀྱང་གད་པ་ཡུན་རིང་བྱེད་མྱོང་ཡོད། ངེད་གཉིས་ཀྱིས་རྟག་ཏུ་འབད་བརྩོན་ཆེན་པོས་དཀའ་ངལ་ལ་མི་སྐྲག་པར་གླ་པ་བརྒྱུགས་ནས་དངུལ་ཧུར་ཐག་བསགས་མཐར། གཞི་ནས་རང་ཉིད་ཀྱི་བསགས་དངུལ་ཏོག་ཙམ་བྱུང་སོང”ཞེས་ཀན་ཞའོ་ཕིང་གིས་དྲན་གསོ་བྱེད་བཞིན་བརྗོད་པ་དང་། ཁོང་གིས“རྗེས་སུ་མཛོད་འཇུག་གི་ལས་ཀ་བྱས་པས་ཚོང་ཇེ་ཡག་ཏུ་ཕྱིན་ཏེ་ཁྱིམ་ཚང་གི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་བརྗོད།

    འོན་ཀྱང་བཟའ་ཚོ་གཉིས་པོས་མིག་སྔའི་འཚོ་བར་འདོད་བློ་ཚིམས་ནས་བསྡད་མེད། “རང་ཉིད་གཅིག་པུ་ཕྱུག་པོ་ཆགས་པ་ཕྱུག་པོ་མིན། གང་ལགས་ཤེ་ན། ཉེ་འཁོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོ་ཆགས་དགོས་པས་ཡིན”ཞེས་ཀན་ཞའོ་ཕིང་གིས་བརྗོད་པ་དང་། 2023ལོར་བཟའ་ཚོ་གཉིས་པོས་ལོ་མང་བསགས་པའི་དངུལ་བཏང་ནས་ཀན་ཕུར་ཨར་སྐྲུན་ངལ་ནུས་ཚད་ཡོད་ཀུང་སི་བཙུགས་ཏེ་སེར་མ་སྡེ་ཁུལ་གྱི་རླངས་འཁོར་རུ་ཁག་དང་ས་བླུག་འཕྲུལ་འཁོར་གྱི་ཁ་ལོ་བར་ལས་ཞུགས་ལས་གནས་དང་སྡེ་ཁུལ་གྱི་མང་ཚོགས་30ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་མ་ཟད། རླངས་འཁོར་རུ་ཁག་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་5མི་ཕོག་པ་དང་རྐོ་འདྲུའི་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་རུ་ཁག་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་3ལྷག་ཙམ་མི་ཕོག་པ་བྱས་ཡོད།

    ལས་ཞོར་དུ་བཟའ་ཚོ་གཉིས་པོས་སྤྱི་ཕན་གྱི་ལས་ལ་གཞོལ་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་དངུལ་སྨར་ཞལ་འདེབས་བརྒྱབ་པ་དང་འཚམས་འདྲིའི་དངོས་པོ་སྤྲད་པས། སྡེ་ཁུལ་གྱི་ཡུལ་མིས་ཁོང་གཉིས་ཀྱི་གཅེས་སེམས་ཀྱི་བྱ་སྤྱོད་ལ་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། “ང་ཚོའི་ཀུང་སིས་ལོ་ལྟར་སྦྱར་རགས་གྲོང་ཚོའི་བུ་བཅོལ་ཁང་དང་། གནས་ཆུང་ལྟེ་བའི་སློབ་ཆུང་། སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་བཅས་ལ་སློབ་སྦྱོང་གི་དཔྱད་གཞི་དང་འབྲེལ་ཡོད་ཡིག་ཆས་སྣ་ཚོགས་ཞལ་འདེབས་བརྒྱབ་ཀྱི་ཡོད”ཅེས་ཀན་ཞའོ་ཕིང་གིས་བརྗོད་པ་དང་། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་དེ་བས་མང་བ་སྤྱི་ཕན་བྱ་གཞག་ནང་ཞུགས་པར་ཤུགས་རྐྱེན་ཐེབས་པ་བྱས་ཏེ། རོགས་རམ་དགོས་མཁན་དེ་བས་མང་བར་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད།

    “ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་དང་ངའི་ནང་མི་ཚོས་ད་ཆའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱས་ཏེ་ཁྱིམ་སྲོལ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། ང་ཚོས་མུ་མཐུད་ཀུང་སི་ཡག་པོ་བསྐྱངས་ནས་མི་དེ་བས་མང་བ་ལས་ཞུགས་ཐུབ་པར་སྣེ་ཁྲིད་ཀྱང་བྱས་ཏེ་རང་གི་ནུས་པས་ལྕོགས་ཚོད་ཀྱིས་གཞན་ལ་རོགས་རམ་བྱ་རྒྱུ་ཡིན”ཞེས་ཕུར་བུ་སྒྲོལ་མས་འཛུམ་དམུལ་དམུལ་ངང་བརྗོད་པ་དང་། ཁོང་གིས་སླད་ཕྱིན་ངེད་བཟའ་ཚོ་གཉིས་ཀྱིས་མུ་མཐུད་ལག་གདང་སྦྲེལ་ནས་རང་ཉིད་ཀྱི་འབད་བརྩོན་དང་བློ་གྲོས་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་སྔར་བས་མཛེས་སྡུག་ལྡན་པ་ཡོང་བར་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།