ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་འདེགས་ཡག་པོ་ཞུས་ནས་གྲོང་གསེབ་དར་རྒྱས་གཏོང་བར་འབད་པ།
ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་ཐུན་མོང་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་མཐའ་འཁྱོངས་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བར་དངུལ་རྩའི་ཞབས་ཞུའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མཐོ་རུ་ནུས་ལྡན་བཏང་ཞིང་། “ཞིང་གསུམ”དང་རྫོང་ཁོངས་ཀྱི་ལས་སྒོ་གྲངས་འཛིན་ཅན་དུ་སྒྱུར་མགྱོགས་སུ་བཏང་ནས་མངའ་རིས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད།
འཕེལ་རྒྱས་ཀྱི་གཞི་རྩར་དམ་པོར་དམིགས་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཡག་པོ་ཞུས་ཤིང་། དངུལ་རྩ་ནི་དངོས་ཚན་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་པ་དང་། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་ནི་དངུལ་རྩའི་འགན་འཁྲི་རེད། ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གནས་ཐིག་གཏན་འཁེལ་གྱི་དམིགས་ཚད་ལ་གཞིགས་ཏེ་གནད་སྨིན་ཇུས་བསྟར་བྱས་པ་མ་ཟད། དངུལ་རྩ་ཕྲན་ཚེགས་ཀྱི་ཞབས་ཞུའི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་བཏང་ནས་མ་གནས་དམའ་རུ་གཏོང་བར་སྐུལ་འདེད་བཏང་ནས་དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་པའི་ཕྱོགས་སུ་གཏོང་རྒྱུ་དང་། ཀུན་ཕན་ཕྲན་ཚེགས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ཁྱབ་ཁོངས་སུ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་དངོས་ཚན་དཔལ་འབྱོར་ལ་མུ་མཐུད“གསོ་རླུང་མཁོ་འདོན་དང་ཁྲག་སྦྱིན”བྱེད་བཞིན་ཡོད། 2023ལོའི་ལོ་མཇུག་བར་དངུལ་ཁང་དེའི་ཞིང་ལས་དང་འབྲེལ་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་27.48ཟིན་པ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་2.68འཕར་ནས་འཕར་ཚད་10.81%ཟིན་པ་དང་། ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱིས་དངུལ་ཁང་ཡོངས་ཀྱི་དངུལ་བུན་ཁག་ནང་བཟུང་བའི་བསྡུར་ཚད་47.68%ཟིན་ཡོད། ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་7.32དང་ཐེམ་གྲངས་1597ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་2.14དང་ཐེམ་དུད་819འཕར་ཡོད།
“ཞིང་གསུམ”ལ་ཞབས་འདེགས་ཞུས་ནས་གྲོང་གསེབ་ལ“ནུས་པ་སྦྱིན”རྒྱུ་ལག་ལེན་བསྟར་ཞིང་། ཞིང་ལས་དངུལ་ཁང་ནི“ཞིང་ལས”ལ་བརྟེན་ནས་བྱུང་བ་དང“ཞིང་ལས”ལ་བརྟེན་ནས་དར་བ་རེད། ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལ་ཞབས་འདེགས་ཞུ་རྒྱུ་དེ་རང་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“ཞིང་གསུམ”གྱི་ཞིང་ས་གཤིན་པོར་གཞི་ཚུགས་ཏེ། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་ལེགས་ཆ་གང་ལེགས་བཏོན་ནས་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད། གྲོང་གསེབ་ཀྱི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་དམིགས་ཏེ་ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བཞིན་ཡོད། 2023ལོའི་ལོ་མཇུག་བར་དངུལ་ཁང་ཡོངས་ཀྱི་རྫོང་ཁོངས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་57.42ཟིན་ནས་ལོ་རེའི་འཕར་ཚད་12.15%ཟིན་པ་དང་། ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་13.28ཟིན་པ་དང་ལོ་རེའི་འཕར་ཚད་9.03%ཟིན་པ་རེད།
མཐའ་མཚམས་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཞིང་། ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས“དམངས་ཆེད་དངུལ་རྩ་གཏོང་བའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་དངུལ་རྩའི་མཐའ་སྲུང་ལ་དམིགས་ཏེ་རང་འགུལ་ངང་ཐོན་ཁུངས་དེ་བས་མང་བར་གཞོལ་བ་དང་། མཐའ་མཚམས་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཐབས་བརྒྱ་ཇུས་སྟོང་གིས་མཐའ་མཚམས་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཏེ། མཐའ་མཚམས་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་ཧུར་ཐག་བཏང་ཡོད། 2023ལོར་རིམ་རྩིས་བྱས་ན་དངུལ་རྩའི་ཤེས་བྱ་སྒྲོག་འགྲེལ་བྱེད་སྒོ་ཐེངས་288སྤེལ་བ་དང་། གཞི་རིམ་ལས་གཉེར་སུའོ་ཁག་གིས་འཁོར་རྒྱུག་དངུལ་རྩའི་ཞབས་འདེགས་ཐེངས་1040ལྷག་ཙམ་ཞུས་ཤིང་། མཐའ་མཚམས་རྫོང་དུ་ཞིང་དུད་ཀྱི་དངུལ་བུན་ལག་ཁྱེར་སྤྲོད་ཚད་དང་སྤྱོད་ཚད་95%ཡན་ཟིན་ཡོད། ལོ་ཧྲིལ་པོར་མཐའ་མཚམས་རྫོང་གི་ཞིང་དུད་ལ་རིམ་རྩིས་བྱས་ན“གྲོང་གསེབ་དར་རྒྱས་གཏོང་བ་དང་མཐའ་མཚམས་བརྟན་དུ་གཏོང་བའི་དངུལ་བུན”སྒོར་དུང་ཕྱུར་1.68བཏང་བ་དང་ལྷག་གྲངས་སྒོར་དུང་ཕྱུར་2.87ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་1.51འཕར་ཡོད།