ཞོར་ལས་ཡོང་འབབ་ལྗིད་ཏིག་ཏིག ཡུལ་མིའི་འཚོ་བ་སྐྱིད་ལྷང་ལྷང་།
—— ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་གླ་མདའ་གྲོང་ཚོར་བསྐྱོད་པའི་མཐོང་ཐོས།
ཟླ་ལྔ་པའི་ཆབ་མདོའི་ཡུལ་ལྗོངས་ནི་ནེའུ་གསིང་གཡུ་ཡི་མཎྜལ་ཕྱིས་ལྟར་སྔོ། མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན་དུ་བཀྲ་ཞེས་པ་བཞིན་ཧ་ཅང་ལྟ་ན་སྡུག་ཅིང་། ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་འདུག
དབྱར་ཟླ་ར་བར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་གྱི་ནུབ་བྱང་མཚམས་སུ་གནས་པའི་གླ་མདའ་གྲོང་ཚོའི་རྒྱ་ལྕང་གི་ལོ་མ་སྔོན་པོར་གྱུར་པ་དང་། སྔོ་ཚལ་གྱི་འདབ་མ་རབ་ཏུ་རྒྱས་པ། ཁྱིམ་ཚང་ཚང་མའི་སྒོ་ཐོག་ཏུ་བཙུགས་པའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་ཅིང་། གང་ས་ཅི་ཐད་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོང་།
དཀར་ཆ་དོད་ལ་རྒྱ་ཆེ་བའི་སྒོ་རའི་ནང་ཉི་མ་སྲོ་བཞིན་པའི་ལོ་67ལ་སླེབས་པའི་དགེ་ལེགས་སྒྲོལ་མས་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་བའི་འགྱུར་ལྡོག་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད། དགེ་ལེགས་སྒྲོལ་མས། སྔོན་མ་ང་ཚོ་རི་ཁུག་ཏུ་སྡོད་སྐབས་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པ་མ་ཟད། འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པ་དང་། སྡོད་ས་ས་ཕག་གི་ཁང་པ་ཡིན་པ། མི་སེར་གྱི་ཡོང་འབབ་ཞིང་ལས་དང་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་དགོས། གཟུགས་པོ་མི་བདེ་བ་བྱུང་ཚེ་ལམ་ཐག་རིང་པོའི་སར་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། ད་ཆ་མི་རྣམས་ཡངས་ཤིང་དཀར་ཆ་དོད་པའི་ཁང་པར་སྡོད་རྒྱུ་བྱུང་བ་དང་། ལམ་བུར་ཨར་འདམ་བཏིང་བས་གཙང་ཞིང་ཁོད་སྙོམས་པ། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་བ་བཅས་ཡོད་པས། འདི་འདྲའི་འགྱུར་ལྡོག་སྔོན་མ་བློ་ཡུལ་དུའང་འཁོར་མ་མྱོང་ཞེས་བརྗོད།
གླ་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་སྒྲོལ་མ་ཆོས་མཚོས་གསར་འགོད་པར། 2016ལོའི་ལོ་མཇུག་ཏུ་ཁ་རུབ་ཆུས་ཀྱི་མང་ཚོགས་དང་མཉམ་དུ་དབུལ་ཞྭ་ཕུད་པ་ནས་བཟུང་། གླ་མདའ་གྲོང་ཚོས་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཧུར་ཐག་བསྒྱུར་ནས་ཡུལ་མིར་ཡོང་འབབ་མང་པོ་རག་ཐབས་བྱས་ཡོད། ད་ཆ་གླ་མདའ་གྲོང་ཚོའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་ནས་ཇེ་མགྱོགས་དང་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་ཅེས་བརྗོད།
གླ་མདའ་གྲོང་ཚོའི་ཞིང་འབྲོག་ལས་ཐོན་རྫས་ཀྱི་བར་བརྒྱུད་ས་ཚིགས་སུ་གསར་འགོད་པས་འབྲས་དང་། སྣུམ། གྲོ་ཞིབ། ཁ་ཟས། བཏུང་བྱ། ཨུ་སུག ལག་ཤུབས་སོགས་བཟའ་བཅའ་དང་འཚོ་བའི་མཁོ་ཆས་གང་དགོས་སྣ་ཁ་འཛོམས་པ་མཐོང་བྱུང་། འགན་འཁུར་བ་མགོན་པོ་ཚེ་རིང་གིས་གསར་འགོད་པར། ཉིན་འདི་དག་རིང་ཚོང་ཡག་པོ་འདུག ཉིན་ལྟར་ཆ་སྙོམས་བྱས་ན་ཡོང་འབབ་སྒོར་སུམ་བརྒྱ་བཞི་བརྒྱ་ནས་ཆག་གི་མི་འདུག ཚོང་ཡག་ཤོས་སྐབས་ཉིན་རེར་སྒོར་བདུན་བརྒྱ་བརྒྱད་བརྒྱ་ཡོང་གི་འདུག་ཅེས་བརྗོད།
གླ་མདའ་གྲོང་ཚོའི་ཞིང་འབྲོག་ལས་ཐོན་རྫས་ཀྱི་བར་བརྒྱུད་ས་ཚིགས་ནི་གླ་མདའ་གྲོང་ཚོས་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་མིར་འབབ་འཕར་ཡོང་རོགས་བྱས་པའི་མཚོན་ཚུལ་ཞིག་རེད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བློ་བཟང་ཆོས་མཚོས། 2020ལོར་ང་ཚོས་ཞིང་འབྲོག་ལས་ཐོན་རྫས་བར་བརྒྱུད་ས་ཚིགས་འཛུགས་རྒྱུ་འཚོལ་ཞིབ་བྱས་པའི་ཐོག་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་སྣེ་ཁྲིད་དང་ཏང་ཡོན་གྱི་རམ་འདེགས་ལ་བརྟེན་ནས། ཉེ་འཁོར་གྱི་རང་བྱུང་གྲོང་ཚོའི་ཡུལ་མིའི་ཁྱིམ་དུ་བརྟག་དཔྱད་བྱེད་པར་བསྐྱོད་དེ་མང་ཚོགས་ལ་དགོས་མཁོ་གང་ཡོད་རྒྱུས་ལོན་བྱས་པར་མ་ཟད། དགོས་མཁོར་གཞིགས་ནས་ཚོང་ཟོག་ཉོས་ཏེ་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ་དང་སྦྲགས། ཡུལ་མི་རེས་མོས་ངང་ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་པར་ལོར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་3.5བྱུང་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྣེ་ཁྲིད་ཏན་ཏིག་ཐུབ་ཡོད་ཅེས་བརྗོད།
2022ལོར་གླ་མདའ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཚོའི་རྣམ་གྲངས་ལས་འགོ་ཚུགས་ཤིང་། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་གླ་མདའ་གྲོང་ཚོས་ཁང་པའི་ཐོག་ཁར་སྒྱུར་བཀོད་བྱས་པ་མ་ཟད། དུད་ཚང་གི་གསང་སྤྱོད་དང་ར་སྐོར་གསར་དུ་བརྒྱབ་པ་དང་། ཨར་འདམ་ལམ་བཏིང་བ། ལམ་སྒྲོན་བསྒར་བ། བཙོག་ཆུ་དྭངས་གསིང་སྒྲིག་ཆས་ཀྱི་ཆུ་འཐེན་དང་ཆུ་གཤོང་སོགས་ཀྱི་ལེ་ལག་སྒྲིག་བཀོད་ལ་སྒྱུར་བཅོས་བྱས་པ། ཡུལ་མི་ཚོ་རང་རྟོགས་ངང་ཨར་ལས་ནང་ཞུགས་ཏེ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་དང་བློ་གྲོས་ལ་བརྟེན་ནས་ཕྱུག་པོ་ཆགས་ཐུབ་པ་བྱུང་ཡོད།
རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ཡུལ་མི་བློ་བཟང་ཆོས་འཕེལ་གྱིས་ཐོ་ཕྲུག་བཏང་ནས་སྐྱེལ་འདྲེན་བྱས་པ་ཁོ་ནར་ཡོང་འབབ་སྒོར་ཁྲི་ཡན་རག་ཡོད། བློ་བཟང་ཆོས་འཕེལ་གྱིས། ང་ཚོའི་གྲོང་ཚོར་དུད་ཚང་43ཡོད་པ་ཚང་མ་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པ་དང་། ཕལ་ཆེ་བས་དུས་ཐུང་གླ་པ་རྒྱུག་པར་ཉིན་རེར་གླ་ཆ་སྒོར་200རག་ཡོད། རྣམ་གྲངས་ཧྲིལ་པོ་འཛུགས་སྐྲུན་བྱེད་རིང་ང་ཚོའི་གྲོང་ཚོར་འབབ་འཕར་སྒོར་ཁྲི་30ལྷག་ཙམ་ཡོང་བར་སྣེ་ཁྲིད་ཐུབ་ཡོད་ཅེས་བརྗོད།
གྲོང་ཁུལ་གྱི་ཉེ་འདབས་སུ་ཆགས་པའི་ས་ཁམས་ཀྱི་ལེགས་ཆས་ཡུལ་མིའི་དངུལ་འབེལ་དུ་དང་། འཚོ་བའི་ཁོར་ཡུག་ཇེ་ཡག་ཏུ་སོང་སྟབས་ཚང་མའི་ངར་ཤུགས་ཀྱང་ཆེས་ཆེར་འཕེལ་ཏེ། ཕྱིར་གླ་པ་བརྒྱུགས་ནས་ཡོང་འབབ་གསོག་པར་འགྲོ་མཁན་ཇེ་མང་དུ་སོང་ཡོད། བདེ་སྐྱིད་ལྡན་པའི་འཚོ་བའི་ལམ་བུར་འབད་འཐབ་ལ་གཞོལ་བའི་བསྟན་འཛིན་མཁས་གྲུབ་ཀྱིས་གྲོང་ཁུལ་གྱི་ལས་ཡུལ་དུ་གླ་པ་རྒྱུག་པར་ཉིན་རེར་གླ་ཆ་སྒོར་200རག་པ་དང་། བཀྲ་ཤིས་སྒྲོལ་མས་གྲོང་ཁུལ་དུ་ཚོང་རྒྱག་བཞིན་ཡོད་པར། ཟླ་བ་གཅིག་ལ་སྒོར་བདུན་སྟོང་བརྒྱད་སྟོང་རག་གི་ཡོད་པ། འཕགས་པ་བདེ་ཆེན་དང་ཁོང་གི་ནང་མིས་གྲོང་ཁུལ་དུ་བོད་ཟས་ཀྱི་ཟ་ཁང་ཞིག་བཙུགས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཁ་ཤས་རག་གི་ཡོད།
བློ་བཟང་ཆོས་མཚོས་འཛུམ་འཚེར་འཚེར་ངང་། སྔོན་མ་མི་སེར་ཕྱི་ལོགས་སུ་གླ་པ་རྒྱུག་པར་འགྲོ་མཁན་ཉུང་ཉུང་རེད། ཕྱིར་གླ་པ་རྒྱུག་པར་འགྲོ་མཁན་དག་ཀྱང་མང་ཆེ་བ་ཟླ་བ་གཅིག་གཉིས་སོང་རྗེས་ལོག་ཡོང་གི་ཡོད། ད་ཆ་དུད་ཚང་ཚང་མར་ཡུན་རིང་གླ་པ་རྒྱུག་མཁན་ཡོད་པས་གྲོང་ཚོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་བརྒྱ་ཡན་ཟིན་རྒྱུར་སྣེ་ཁྲིད་ཐུབ་ཡོད་ཅེས་བརྗོད།
མིག་སྔར་གླ་མདའ་གྲོང་ཚོའི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་དཔལ་ལ་རོལ་བཞིན་ཡོད་ཅིང་། སླད་ཕྱིན་ཡུལ་མིའི་འཚོ་བ་ཇེ་དགའ་ཇེ་སྐྱིད་དུ་འགྲོ་རྒྱུ་གདོན་མི་ཟའོ།